མཐོ་རིམ་ནང་བསྟན་སློབ་གླིང་།

དུས་ཚོད།2016-08-15 11:36ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། adminབཀླགས་གྲངས།846
སྤྱི་ལོ་༢༠༠༠ ལོའི་ལོ་མགོར་ཁྲི་ཐོག་སོ་བདུན་པ་༸སྐྱབས་རྗེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་ཕན་བདེའི་ལེགས་ཚོགས་ཀུན་གྱི་གཞི་རྩ་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལས་ལྷག་པའི་སངས་རྒྱས་ཀྱི་བསྟན་པ་འཛིན་ཚུལ་ཞིག་མེད་པར་གཟིགས་ནས་དུས་རབས་དང་མཐུན་པར་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་ཆེན་མོ་གསར་འཛུགས་གནང་། སློབ་གླིང་འདིའི་ནང་ད་བར་དགོན་ཁག་བརྒྱ་ཕྲག་དུ་མའི་སློབ་གཉེར་བ་ཕེབས་ཏེ་སློབ་སྦྱོང་བྱེད་བཞིན་པར་མ་ཟད། 
སློབ་མའི་གྲངས་དགེ་མདུན་པ་ཆིག་སྟོང་ལྷག་ཙམ་ཡོད་པ་དེ་དག་གི་ཕྱི་ནང་གི་མཐུན་རྐྱེན་གང་དགོས་ཐུགས་རྗེའི་བདག་ཉིད་རིན་པོ་ཆེ་མཆོག་གིས་གནང་བ་དང་། སློབ་གླིང་གི་གཙུག་ལག་ཁང་སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་ཉིད་ཀྱི་སློབ་མ་རྒྱ་ཡི་དགེ་བསྙེན་མ་ཀུན་བཟང་དབང་མོ་ལགས་གཙོ་བོར་གྱུར་བའི་དད་ལྡན་ཁག་ནས་མཐུན་རྐྱེན་གནང་སྟེ། 
སྤྱི་ལོ་ ༢༠༠༤ ལོར་སློབ་གླིང་གི་གཙུག་ལག་ཁང་ཆེན་མོ་གསར་བཞེངས་ལེགས་པར་གྲུབ་ནས་རབ་གནས་དགའ་སྟོན་གྱི་མཛད་སྒོ་ཨ་རི་དང་རྒྱ་ནག་སོགས་ནས་ཕེབས་པའི་དད་ལྡན་སློབ་མ་བཅུ་ཕྲག་དྲུག་ལྷག་གཙོས་ཕྱི་ནང་གི་མི་རིགས་མང་པོ་ཆོས་ཀྱི་མཛད་སྒོ་དེར་མཉམ་ཞུགས་མཛད། སློབ་གླིང་འདིའི་གཙུག་ལག་ཁང་གི་ནང་རྟེན་གཙོ་བོ་དབུས་སུ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། གཡས་སུ་རྗེ་བཙུན་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་སྣང་བརྙན། གཡོན་དུ་རྗེ་བཙུན་འཇམ་དཔལ་དབྱངས། མགོན་པོ་ཀླུ་སྒྲུབ། མཉམ་མེད་ཇོ་བོ་ཆེན་པོ་རྣམས་ཀྱི་སྐུ་བརྙན་དང་གསུང་རབ་པོ་ཏི་མང་པོ་བཞུགས། 
ཐོག་བརྩེགས་གཉིས་པའི་རྒྱལ་ངོས་ཀྱི་དཀྱིལ་དུ་ཇོ་ཡིད་བཞིན་ནོར་བུ་དང་། མཉམ་མེད་ཐུབ་དབང་རིན་པོ་ཆེ་སྟོང་སྐུའི་ལྷ་ཁང་། དེའི་གཡས་སུ་ཡིག་པར་ཁང་དང་། གཡོན་དུ་ཚོགས་འདུ་ཁང་ཆེན་མོ། དེ་དག་གི་མདུན་དུ་རིམ་བཞིན་ནང་བསྟན་སློབ་གླིང་གི་དགེ་རྒན་རྣམ་པ་དང་། ཁྲི་རིན་པོ་ཆེའི་གཟིམ་ཤག་སོགས་བཞུགས། ཐོག་བརྩེགས་གསུམ་པར་རྒྱ་བོད་པཎ་གྲུབ་ཀྱི་གསུང་རབ་བཞུགས་པའི་དཔེ་མཛོད་ཁང་ཆེན་མོ་དང་། གཙུག་ལག་ཁང་གི་མདུན་དུ་སེར་ཤུལ་དགོན་གྱིི་ཁྲི་ཐོག་༤༣ པ་ཞྭ་སེར་བསྟན་པའི་མཛེས་རྒྱན་སྒོམ་པ་མཆོག་སྤྲུལ་རིན་པོ་ཆེས་གསར་བཞེངས་གནང་བའོ། །ལོ་འགའི་རྗེས་ནས་གྲྭ་གྲངས་འཕར་མ་བྱུང་བས་སྔར་གྱི་འདུ་ཁང་དང་ཆོས་རའི་ནང་ཤོང་དཀའི་གནས་ཚུལ་འོག་སྐྱབས་རྗེ་༸ཁྲི་ཆེན་ཐུབ་བསྟན་སྙན་གྲགས་མཆོག་གིས་རྗེས་བརྩེ་བཀའ་དྲིན་ལས་༢༠༡༢ ལོར་སྲོལ་རྒྱུན་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་བཟོ་བཀོད་ལེགས་པའི་མཚན་ཉིད་གྲྭ་ཚང་གི་འདུ་ཁང་ཆེན་མོ་དང་། ནང་རྟེན་ཐུབ་པ་གཙོ་འཁོར་གསུམ། སྟེང་དུ་སྒོ་མང་ཁང་གསར་སོགས་གྲོས་ཚོགས་ཁང་དང་སློབ་གཉེར་ཁང་། རྩིས་འཕྲུལ་ཁང་། བཞུགས་ཤག་དང་དཔེ་ཁྲིད་ཤག་བཅས་གསར་བཞེངས་གནང།

སྒྲ་ལམ་སློབ་ཚན་ཕབ་ལེན།