གསོ་རིག་འགྲོ་ཕན་གྲྭ་ཚང་།

དུས་ཚོད།2016-08-15 11:35ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། adminབཀླགས་གྲངས།846

མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གསོ་རིག་འགྲོ་ཕན་གྲྭ་ཚང་འདི་ཉིད་ཀྱི་བྱུང་བ་མདོ་ཙམ་བརྗོད་པ།་།



༡༩༩༡ ལོར་དགོན་འདིས་བསྟན་བདག་སྨན་ཤུལ་ ༸བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་གིས་ས་གནས་ཀྱི་དགོས་མཁོ་དང་བསྟུན་ནས། དེ་སྐབས་ས་གནས་སྲིད་གཞུང་དང་འབྲེལ་ཏེ་སེར་ཤུལདགོན་བོད་སྨན་ཁང་འདི་ཉིད་གསར་གཙུག་གནང་། དེ་སྐབས་སྔར་གྱི་སྨན་པ་རྒན་པ་མང་པོ་བཞུགས་ཡོད་སྟབས། ཁོང་རྣམ་པ་ཚོ་ཞལ་བཞུགས་ཡོད་རིང་ལ་བོད་ཀྱི་གསོ་རིག་གི་ཁྲིད་ལུང་མན་ངག་རྣམས་མི་ཉམས་གོང་འཕེལ་དང་། ཉམ་པ་སླར་གསོ་བྱེད་དགོས་པའི་ལམ་སྟོན་གནང་བ་དང་། རྫོང་མི་དམངས་སྲིད་གཞུང་གིས་ཀྱང་ས་གནས་འདིའི་ཁེ་ཕན་ལ་གཞིག་ནས་བོད་སྨན་ཁང་འདི་ཉིད་འཛུགས་ཆོག་པའི་ཆོག་མཆན་དང་རོགས་སྐྱོར་ཚད་མེད་གནང་། དེ་དུས་སྔར་གྱི་སྨན་པ་རྒན་པ་རྣམས་གཞི་རྩར་བྱས་ནས་གྲྭ་གཞོན་ཁག་གཅིག་ལ་བོད་ཀྱི་གསོ་བ་རིག་ཆེད་སྦྱོང་གནང་བཅུག དེ་ནས་བཟུང་གསོ་བ་རིག་པའི་གཞུང་ལུགས་མན་ངག་དང་བཅས་པར་སློབ་སྦྱོང་བྱེད་པ་དང་། ལོ་ལྟར་སྨན་རྩྭ་དུས་ཐོག་ཏུ་བཏུ་བ། བོད་སྨན་གསར་དུ་བཟོ་བ། ནད་ཐོག་སྨན་སྦྱིན་བྱེད་པ་སོགས་བསྟན་འགྲོ་ལ་སྨན་པའི་བྱ་བ་གང་མང་བྱས་སྟབས། རྫོང་དང་ས་གནས་གཞུང་དམངས་སོགས་ནས་བསྟོད་བསྔགས་དང་། བཟང་རྟགས་ཡང་གྲངས་གང་མང་ཐོབ་ཡོད། ༢༠༠༨ ལོར་གཞུང་ལུགས་རབ་འབྱམས་ཀྱི་དགོངས་དོན་ལ་མངའ་བརྙེན་ཞིང་། ལྷག་དོན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་གྲུབ་འབྲས་འབུལ་དུ་ཐོན་མཁན་ཡོངས་ཀྱི་དགེ་བའི་བཤེས་གཉིན་ཆེན་པོ་མཁས་དབང་བསྟན་འཛིན་དོན་གྲུབ་མཆོག་དང་། ༸སྐྱབས་རྗེ་ཁྲི་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་དགོངས་པ་གཅིག་མཐུན་གྱིས། སྨན་པ་གྲྭ་ཚང་གསོ་རིག་འགྲོ་ཕན་གླིང་ཞེས་པ་གྲྭ་བ་བརྒྱ་ལྷག་ལས་གྲུབ་པ་འདི་ཉིད་གསར་བཙུགས་ཀྱིས་མཁན་པོ་དང་དགེ་བསྐོས་སོགས་གསར་དུ་སྐོ་བཞག་མཛད། དེ་ནས་བཟུང་གསོ་རིག་སློབ་གླིང་འདི་ཉིད་ཀྱིས་བོད་ཀྱི་མཐུན་མོང་རིག་གནས་སྤྱི་དང་། ལྷག་པར་གསོ་རིག་རྒྱུད་བཞི་ལ་འཆད་ཉན་དང་། དེང་རབས་ཀྱི་རིག་གནས་རྒྱ་ཡིག་སོགས་ཆ་ལག་ཚང་བའི་བསླབ་གཞི་ཡོངས་ལ་སློབ་སྦྱོང་བྱེད་བཞིན་ཡོད། དེ་ཡང་དགེ་རྒན་ལ་མཚོན་ན། གསོ་རིག་འབུམ་རམས་པ་རྒན་ཚེ་སྟོབས་མཆོག་དང་། མཚོ་སྔོན་སློབ་ཆེན་ནས་མཐར་ཕྱིན་པའི་བྲག་དཀར་སྐལ་བཟང་། སེར་ཤུལ་ནང་བསྟན་སློབ་གླིང་གི་དགེ་རྒན་བཀྲ་ཤིས་བསོད་ནམས་སོགས་ཡིན། མ་ཚད་སློབ་གླིང་འདིའི་མཁན་པོ་དང་སློབ་སྤྱི་སོགས་སྔ་ཕྱིར་ཐེངས་མང་རིང་དཀར་མཛེས་ཁུལ་དུ་སོང་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཛད་གཙོ་རྣམས་ལ་ཚད་ལྡན་གྱི་སློབ་གྲྭ་ཞིག་ཏུ་འགྱུར་ཐབས་ཀྱི་རེ་བ་ཡང་ཡང་བྱས་འབྲས། སྤྱི་ལོ་༢༠༡༣ ལོར་ཞིང་ཆེན་བོད་ཡིག་སློབ་གྲྭའི་འབྲེལ་ཡོད་ལས་ཁུངས་ཡོངས་དང་། ས་གནས་སྲིད་གཞུང་བཅས་ཀྱིས་གཟིགས་ཞིབ་གནས་མཐར་ཚད་ལྡན་གྱི་སློབ་གྲྭར་ཆོག་མཆན་ཐོབ་ནས་རེ་འབྲས་མངོན་གྱུར་བྱུང་། འདི་ལ་སེར་ཤུལ་རྫོང་ལས་ཁུངས་ཆེ་བཞི་དང་འབྲེལ་ཡོད་རིམ་པ་ཁག་གིས་རོགས་རམས་ཚད་མེད་གནང་ཡོད། ང་ཚོའི་བོད་སྨན་ཁང་གི་ངོས་ནས་གཞན་ལ་རོགས་སྐྱོར་བྱས་པའི་གྲངས། ༢༠༡༠ ལོར་སྐྱེ་རྒུར་ས་འགུལ་སྐབས་སྨན་དང་ཡོ་བྱད་སྒོར་ཁྲི་༢༠༠ ལྷག་འགྲོང་སོང་བཏང་པར་མ་ཟད། སྤྱི་ཚེས་༡༤ ནས་༢༦ བར་ས་གནས་དེར་སྨན་ཁང་དང་སྨན་པ་མི་བཅུ་རྒྱུན་སྡོད་ཀྱིས་ཞབས་ཞུ་ཞུས་ཡོད། རྒྱུན་ཏུ་རྒན་གསོ་ཁང་དང་། གྲྭ་རྒན་པ་རྣམ་པ། བདག་སྐྱོང་མེད་པའི་ནད་པ་ཉམ་ཐག་རྣམས་ལ་སྨན་རིན་མི་དགོས་པར་བྱེད་ཀྱིན་ཡོད། དེ་བཞིན་སྨན་ཁང་གི་ཕྱོགས་ནས་ཀྱང་གསོ་རིག་རམས་འབྱམས་མཁས་དབང་བསྟན་འཛིན་དོན་གྲུབ་མཆོག་གི་དངོས་སློབ། བླ་བྲང་དགོན་གྱི་གསོ་རིག་རམས་འབྱམས་པ་རྒན་ཚུལ་ཁྲིམས་མཆོག་གི་ཐུགས་རྗེ་དང་སློབ་སྟོན་ལ་རྟེན་ནས། སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་ཡོད་པའི་སར་སྨན་གྱི་བཟོ་གྲྭ་དང་གསར་རྒྱག་དང་། ལོ་ལྟར་སྨན་སྦྱོར་གསར་སྐྲུན་དང་། རྒྱལ་ཕྱི་ནང་གང་ས་ནས་སྨན་རྫས་མཁོ་འདོན་བྱེད་པ་སོགས་བྱ་བ་མི་ཉུང་བ་ཞིག་ལེགས་འགྲུབ་བྱུང་ཡོད། སྨན་བཟོ་ཁང་གི་རྩ་བའི་འཛུགས་སྐྲུན་དང་།ནང་གི་སྨན་རྫས་ཀྱི་རིགས། འཕྲུལ་ཆས་སྣ་ཚོགས་བཅས་ཁྱོན་བསྡོམས་སྒོར་ཁྲི་༧༦༢ ལྷག་འགྲོ་སོང་བཏང་ཡོད། ལྷག་དོན་ ༢༠༡༣ ལོར་སེར་ཤུལ་རྫོང་ལས་ཁུངས་མ་ལག་དང་བཅས་པའི་རྒྱབ་སྐྱོར་འོག 

སྔར་ལོ་རྒྱུས་ཀྱི་ཐོག་ཏུ་རྫ་ཆུ་ཁ་བ་འདིར་བྱུང་མ་མྱོང་བའི་དངུལ་ཆུ་རིན་ཆེན་བཙོ་བཀྲུ་ཆེན་མོ་ཕབ་སྦྱོར་གྱི་མཛད་སྒོ་དངོས་སུ་འཚོགས་རྒྱུའི་དུས་བཟང་མངོན་དུ་གྱུར། མ་ཚད་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁས་དབང་བསྟན་འཛིན་དོན་གྲུབ་མཆོག་གིས་ཀྱང་དངུལ་ཆུའི་གཙོ་བཀྲུ་ཆེན་མོའི་ལག་ལེན་ཆོལ་ཁ་གསུམ་གང་སར་སྤེལ་བ་དང་། ཁོང་གིས་དངོས་སློབ་བླ་བྲང་སྨན་པ་གྲ་ཚང་གི་སྨན་རམས་པ་རྒན་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་སྔ་ཕྱི་རིམ་པར་ལག་ལེན་ལྟར་བར་མ་ཟད་ད་ལམ་དངོས་སུ་འདི་གར་ལག་ལྟར་བྱས་པ་འདི་ནི་རྫ་ཆུ་ཁ་ལ་སྔོན་བྱུང་མ་མྱོང་བའི་དོན་བཟང་ཞིག་རེད། ཡིན་ནའང་འདི་ནི་སྐྱབས་རྗེ་ཁྲི་བ་རིན་པོ་ཆེ་༧ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་མཛད་འཕྲིན་གསེར་ཀྱི་འཁོར་ལོའི་འོག སེར་ཤུལ་གསོ་རིག་གྲ་ཚང་གི་མཁན་པོ་དང་། དགེན་ཚེ་སྟོབས་སོགས་དགེ་རྒན་རྣམས་དང་། སྨན་བཟོ་བ་དང་འདུན་མང་ཡོངས་ཀྱིས་ཉེ་བའི་ལོ་ཤས་རིང་དཀའ་སྤྱད་དང་འབད་འབུངས་ལ་བསྟེན་ནས་ད་ལྟ་དངོས་དབུ་ཚུགས་པ་རེད། བཀྲ་ཤིས་བདེ་ལེགས།

སྒྲ་ལམ་སློབ་ཚན་ཕབ་ལེན།