སེར་ཤུལ་བཙུན་མ་དགོན།

དུས་ཚོད།2016-08-15 11:11ཡོང་ཁུངས།རྩོམ་པ་པོ། ངག་དབང་ཚུལ་ཁྲིམས།རྩོམ་སྒྲིག་པ། adminབཀླགས་གྲངས།846


སེར་ཤུལ་བཙུན་མ་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཕེལ་གླིང་གི་ལོ་རྒྱུས་ཉུང་ངུར་འགོད་པ་ལ།    ཕྱག་འདེབས་པ་པོ་དང་འབྲེལ་བའི་སྐོར།  ཕྱག་ཇི་ལྟར་བཏབ་པའི་ཚུལ།     ཕྱག་བཏབ་ནས་བཤད་སྒྲུབ་ཀྱི་འཆད་ཉན་ཇི་ལྟར་བྱུང་བའི་སྐོར་དང་གསུམ་ལས།    དང་པོ་ནི། དེ་ཡང་བཀའ་གདམས་པའི་དགེ་བའི་བཤེས་གཉེན་དགོན་པ་བ་དབང་ཕྱུག་རྒྱལ་མཚན་མཆོག་བསྟན་པ་དང་འགྲོ་བའི་དཔལ་མགོན་དམ་པར་སྐུའི་སྐྱེ་བའི་ཕྲེང་བ་ཉེ་བར་བཟུང་བ་ནི།    ཆབ་མདོ་གོ་རྒྱལ་དགོན་གྱི་བླ་མ་གོ་རྒྱལ་དགེ་བ་ཚུལ་ཁྲིམས་ཡིན་ལ།  དེ་ཉིད་ཀྱི་སྐྱེ་འཕྲེང་རིམ་པར་བརྒྱུད་ནས་རྫ་སེར་ཤུལ་དུ་ཐོག་མར་འཁྲུངས་པ་ནི་དགོན་པ་ཁྲི་བ་དགེ་ལེགས་བསྟན་དར་ཡིན་ཏེ།    བླ་མ་འདི་ཉིད་ཆབ་མདོའི་ལྕགས་ར་རིན་པོ་ཆེས་ངོས་འཛིན་མཛད་ནས་རིམ་གྱིས་རྫ་སེར་ཤུལ་དགོན་དུ་ཆོས་ཞུགས་མཛད་དེ་རང་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་མདོ་སྔགས་རིག་གནས་ལ་གསན་བསམ་དཔྱིས་བྱིན་པར་མཛད་ནས་དཔལ་ལྡན་རྒྱུད་པ་གྲ་ཚང་གི་བླ་མའི་སྐུ་ཞབས་དང་རྒྱུད་པ་མཁན་པོ་མཛད།   དེ་སྐབས་སུ་པཎ་ཆེན་སྐུ་ཕྲེང་དགུ་བ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་སེར་ཤུལ་དགོན་དུ་ཕེབས་དུས་བཀའ་བགྲོའི་ཚོགས་གླེང་བ་ཡང་མཛད། དེ་ནས་འཚོགས་ཆེན་ཁྲི་བ་ཡང་མཛད། བླ་མ་འདི་ཉིད་སྨན་རྩིས་སྙན་ངག་སོགས་ཐུན་མོང་རིག་གནས་ལ་ཡང་ཤིན་ཏུ་མཁས་ཤིང་བླ་བྲང་གི་དགེ་བཤེས་ལྷ་མོའི་བློ་བཟང་ཚུལ་ཁྲིམས་ཀྱི་ནག་རྩིས་སོགས་ཡི་གེར་འདེབས་པ་པོ་ཡང་ཁོང་ཡིན།   སླར་རང་དགོན་དུ་ཕེབས་ནས་དབང་ལུང་མན་ངག་གི་རྒྱུན་སོགས་རྒྱ་ཆེར་སྤེལ་ནས་བསྟན་པ་དང་འགྲོ་བའི་དཔལ་མགོན་དམ་པར་གྱུར་ཏོ༎ དགོན་པ་ཁྲི་བ་ཐུབ་བསྟན་དར་རྒྱས་མཆོག་ནི་ཡབ་བཀྲ་དར་དང་ཡུམ་ཚེ་མཚོ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ལ་ངོ་མཚར་བའི་ལྟས་བཅས་སྐུ་འཁྲུངས།   དེ་ནས་གང་བ་ཁྲི་བ་བློ་བཟང་ཚུལ་ཁྲིམས་ཀྱིས་དགོན་པ་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ཆུང་ངུའི་དུས་ནས་ངོས་འཛིན་གནང་ཀྱང་དུས་དབང་གིས་རབ་ཏུ་བྱུང་བ་དང་ཁྲི་སྟོན་སོགས་ཀྱི་གོ་སྐབས་མ་བྱུང་།  དགུང་ལོ་བཅོ་བརྒྱད་ཀྱི་སྟེང་དུ་མཁན་པོ་ཐུབ་བསྟན་དབང་པོའི་མདུན་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས།      རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་ལོར་དུས་ཅུང་གློད་ནས་ཆོས་སྒོ་ཕྱེས་པ་དང་དགུང་ལོ་ཉི་ཤུའི་ཐོག་ཆོས་ཞུགས་མཛད།



དེ་ནས་ཀློག་པ་ཐོས་བསམ་གྱི་འཁོར་ལོའི་མཛད་པ་ཇི་ལྟར་སྐྱངས་ཚུལ་ནི། མཁན་ཆེན་ཐུབ་བསྟན་དབང་བོ།      ཡོངས་ཀྱི་དགེ་བའི་བཤེསགཉེན་བློ་བཟང་བསྟན་འཛིན།    ཁྲི་བ་སྐལ་བཟང་།  ཁྲི་བ་མཁྱེན་རབ་འོད་ཟེར།   དམ་པ་འདིའི་རིགས་ཀྱི་གཙུག་རྒྱན་བླ་ན་མེད་པ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཁྲི་ཆེན་ངག་དབང་ལེགས་འོངས་ལ་སོགས་པའི་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་བསྡུས་གྲྭ་ནས་དབུ་མའི་བར་དུ་གཞུང་ལུགས་རབས་འབྱམས་ལ་ཐོས་བསམ་གྱི་བགྱི་བ་དཔྱིས་ཕྱིན་པར་མཛད།   དེ་སྐབས་སུ་ཡང་རིག་ཆུང་ལ་ཆོས་འཁོར་གྱི་ཚོགས་གླེང་གཉིས་དང་རིགས་ཀྱི་ཚོགས་གླེང་གཉིས།   རིག་ཆེན་ལ་དྲང་ངེས་དང་སེམས་བསྐྱེད་གསུམ་པའི་ཚོགས་གླེང་བཅས་བཛད།    བསྟན་བདག་སྨན་ཤུལ་ཡབ་སྲས་གཉིས་དབུས་གཙང་གི་ཕྱོགས་སུ་གནས་མཇལ་མཛད་ནས་སླར་རང་དགོན་ལ་ཞབས་སོར་བདེ་བར་འབྱོར་སྐབས་སུ་ཡང་བཀའ་བགྲོའི་ཚོགས་གླེང་མཛད།  དགུང་ལོ་ཉེར་གསུམ་གྱི་སྟེང་དུ་མཁན་ཆེན་ཐུབ་བསྟན་དབང་བོའི་མཁན་སློབ་སྦྲག་མ་དང་ཁྲི་སྐལ་བཟང་གིས་གསང་སྟོན་དང་དགེ་འདུན་གྲངས་ཚང་བའི་དབུས་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས་ཁྲི་སྟོན་གྱི་མཛད་སྒོ་སྤེལ་ཞིང་ལོ་བཅུ་གཉིས་ཀྱི་རིང་ལ་དྲུག་བཅུའི་མཆོད་དཔོན་ཡང་མཛད།  དགུང་ལོ་སོ་ལྔའི་སྟེང་འཛིན་གྲ་དབུ་མའི་སྐབས་སུ་དཔལ་ལྡན་རྒྱུད་པ་གྲ་ཚང་གི་བླ་མའི་སྐུ་ཞབས་ལ་བརྡ་སྦྱར་ནས་ལོ་ལྔའི་རིང་ལ་ཐུགས་འགན་བཞེས།    



དེ་རྗེས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་ཚོགས་ཆེན་ཁྲི་རིན་པོ་ཆེའི་ཐུགས་འགན་ཡང་ལོ་གསུམ་གྱི་རིང་ལ་བཞེས་ནས་དགོན་སྡེ་རང་གི་ཆོས་བཤད་སྒྲུབ་ཀྱི་འཆད་ཉན་དང་སྒྲིགས་ལམ་ཀུན་སྤྱོད་ཀྱི་རིམ་པ་སོགས་མི་ཉམས་གོང་འཕེལ་གྱི་ཕྱག་ལས་ཕུལ་དུ་བྱུང་བ་གནང་ཞིང་། དེ་དག་གི་སྐབས་སུ་གཏོང་སྒོ་རིང་ཐུང་ལ་གསོལ་དྲངས་འདྲེན་འབྱེད་འཇོག་པ་སོགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བ་ཤ་སྟག་མཛད།དེ་ནས་སྤོང་བ་བསམ་གཏན་གྱི་འཁོར་ལོས་ཐོས་དོན་ཉམས་ལེན་དུ་མཛད་པ་ནི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ལས་དབང་ལུང་མན་ངག་གིས་ཐུགས་ཀྱི་བུམ་བཟང་ལེགས་པར་གཏམས་པའི་ཚུལ་ཡང་།  དབུ་ཟུར་ལེགས་ཚོགས་རབ་རྒྱས་པའི་དྲུངའའའའའའའའའ་ནས་གསང་བདེ་འཇིགས་གསུམ་གྱི་དབང་སྟ་གོན་དང་བཅས་པ། ཐུན་དྲུག་གི་ཁྲིད་ལུང་དང་མགོན་ཆོས་དམག་གསུམ་སོགས་ཆོས་སྐྱོང་སོ་སོའི་རྗེས་གནང་བཅས་ཐོབ།      ཆོས་སྐྱོང་ཞང་པཎ་གྱི་སྲོག་གཏད་ཡང་ཞུས།མཁན་ཟུར་རྡོ་རྗེ་འཆང་ལས་རྟ་མགྲིན་གྱི་དབང་དང་འཇིགས་བྱེད་དཔའ་གཅིག་གི་དབང་དང་མི་འཁྲུག་པའི་དབང་བཅས་ཐོབ།  ཁྲི་ཆེན་ངག་དབང་ལེགས་འོངས་པའི་དྲུང་ནས་འཇམ་དབྱངས་དཀར་པོའི་རྗེས་གནང་དང་།  རྟ་མགྲིན།      འཇིགས་བྱེད་བཅུ་གསུམ་པ།  དཔའ་གཅིག  །གསང་འདུས།བདེ་མཆོག་ལུས་དཀྱིལ།  ལྷ་ལྔ།     ཀུན་རིག      སྨན་ལྷ།   སྒྲོལ་མ་བཅས་ཀྱི་དབང་དང་།  ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་ཕྱག་བཞི་པའི་རྗེས་གནང་དང་། ཆོས་སྐྱོང་སོ་སོའི་རྗེས་གནང་དང་། བྱང་ཆུབ་ལམ་རིམ་ཆེན་མོ་དང་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གཉིས་ཀྱི་བཤད་ལུང་སོགས་ཐོབ།བླ་ཟུར་སྤྱོད་པའི་དྲུང་ནས་དགའ་ལྷ་རྒྱས་པའི་ཁྲིད་དང་།   ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་བྱམས་པ་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་གྱི་དྲུང་ནས་ལམ་རིམ་བསྡུས་དོན་གྱི་ཁྲིད་ལུང་དང་དུས་འཁོར་དབང་ཆེན།      ཐུགས་རྗེ་ཆེན་པོའི་རྗེས་གནང་སོགས་རྒྱ་ཆེར་ཐོབ།བླ་མ་སྤྱན་རས་གཟིགས་ཀྱི་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན།སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་།དབུ་མ་རྩ་བ་ཤེས་རབ་ཀྱི་བཤད་ལུང་སོགས་ཐོབ་པར་མ་ཟད་དེ་ཐམས་ཅད་ཀྱང་ཐུགས་དམ་གྱི་སྙིང་བོར་མཛད་དོ༎བྱ་བ་ལས་ཀྱི་འཁོར་ལོས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ནི།འབར་དྷ་དགོན་དགའ་ལྡན་བསམ་གྲུབ་གླིང་དུ་སྔ་ཕྱིར་ཐེངས་མང་བྱོན་ནས་དབང་ལུང་མན་ངག་གི་རྒྱུན་རྒྱ་ཆེར་སྤེལ་བ་དང་རྩོད་གྲྭ་འཛུགས་པ་སོགས་གནང་བར་མ་ཟད།     མང་ཚོགས་ལ་དགེ་བཅུའི་ཁྲིམས་སྲུང་སོགས་རྣམ་དཀར་གྱི་བྱ་བ་རྒྱ་ཆེར་སྤེལ་བར་མཛད་ནས་སྡེ་དགོན་གཉིས་ཀ་ཆོས་སྲིད་ལུགས་གཉིས་ཀྱི་གདུགས་དཀར་ཡུག་གཅིག་གིས་ཁྱབ་པར་མཛད། 



    རང་དགོན་དུ་བསྟན་པའི་བྱ་བ་མཛད་པའི་ཚུལ་ཡང་སྔོན་སྤར་ཤིང་དང་པར་མང་བོ་བཞུགས་མོད་རིག་གནས་གསར་རྗེས་སྐབས་ཉམས་ཆག་ཏུ་སོང་བའི་ལྷག་མ་རྣམས་བདག་གཉེར་གྱི་ཆེད་དང་བསྟན་བདག་སྨན་ཤུལ་རིན་པོ་ཆེའི་དགོངས་བཞེད་དང་མཐུན་པར་པར་ཁང་ཆོས་མཛད་ཆེན་མོ་བཞེངས།དེ་ནས་ནང་བསྟན་སློབ་གླིང་གི་འདུ་ཁང་རྙིང་བ་གསར་བཞེངས་ཀྱི་སྐབས་དམ་བཅའ་དང་དཔེ་ཁྲིད་འཚོགས་སའི་ཆོས་ར་དང་དེའི་ལོགས་ལ་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ལྡེབས་རིས་ཆ་ཚང་སོགས་བཞེངས་བསྐྲུནམཛད།     དེ་རྗེས་སྔར་གྱི་པར་ཁང་རྙིང་བ་སླར་གསོ་མཛད་ནས་བྱམས་མགོན་གྱི་སྐུ་སྟོང་བཞེངས་ནས་བྱམས་མགོན་སྟོང་སྐུའི་ལྷ་ཁང་དུ་བསྒྱུར།     དེ་རྗེས་འཕྲུལ་ཆས་ལག་ཤེས་ཀྱི་པར་སྐྲུན་དང་འབྲེལ་བའི་པར་ཁང་ཆོས་མཛད་ཆེན་མོ་གསར་བཞེངས་མཛད། སེར་ཤུལ་དགོན་གྱི་གཙུག་ལག་ཁང་ཆེན་མོའི་བརྩེགས་གཉིས་པར་ཁྲི་བའི་ལས་སྒོ་ལེགས་འགྲུབ་ཀྱི་མཛད་སྒོའི་སྤྱི་འཇོག་ལ་རྒྱུ་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གཙོ་ལྷ་དང་།           དབུ་ཁང་དུ་རྗེ་རིན་པོ་ཆེའི་བླ་མ་བཀའ་བཞི་བ་ཚུལ་ཁྲིམས་རིན་ཆེན། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན།    ཆོས་རྗེ་དོན་གྲུབ་རིན་ཆེན།         རེ་མདའ་བ་གཞོན་ནུ་བློ་གྲོས།གཡས་སུ་བློ་གྲོས་ཆོས་སྐྱོང་།   ཞང་ཞུང་ཆོས་དབྱིངསགྲགས་པ།   སྟག་ལུང་ལོ་ཙཱ་བ།  རྗེ་དགེ་འདུན་གྲུབ།   བྱང་དར་མ་ཤེས་རབ།འདན་མ་ཡོན་ཏན་དཔལ། རྒྱུད་ཆེན་ཤེས་རབ་སེང་གེ། རོང་ཆེན་དགེ་འདུན་རྒྱལ་མཚན།   གུང་རུ་རྒྱལ་མཚན་བཟང་བོ་དང་།གཡོན་དུ་ཞལ་ལུ་བ་ལེགས་པ་རྒྱལ་མཚན།   མདོ་སྨད་པ་ལེགས་པ་བཟང་བོ།    བ་སོ་ཆོས་ཀྱི་རྒྱལ་མཚན།   བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས།ལྷོ་བ་རྒྱལ་མཚན་སེང་གེ།   མདོ་སྨད་པ་བསོད་ནམས་ཤེས་རབ།     གུ་གེ་ངག་དབང་གྲགས་པ།      འགོས་ལོ་གཞོན་ནུ་དཔལ།འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་བཅས་གཙོ་མཛད་པའི་རྗེ་རིན་པོ་ཆེའི་སྐུ་སྟོང་གཅིག་སོགས་དད་ལྡན་སྐྱེ་བོའི་བསོད་ནམས་བསགས་པའི་ཞིང་ས་བླ་ན་མེད་པར་བཞེངས་གནང་མཛད། དེ་ནས་བཙུན་མའི་དགོན་ཆགས་འདེབས་པ་དང་འབྲེལ་བའི་རྟེན་བཞེངས་སོགས་ཅི་ལྟར་མཛད་པ་ནི་  དམ་པ་མཆོག་གི་སྐུ་གོང་མ་དགོན་པ་དགེ་ལེགས་བསྟན་དར་ལ་སེར་ཤུལ་གྱི་ས་ཐོག་ཏུ་རྫ་ཆུ་ཁ་ཡོངས་ལ་ཕན་ཐོག་པའི་བཙུན་མའི་དགོན་པ་ཞིག་འདེབས་རྒྱུའི་ཐུགས་འདུན་ཡོད་པར་མ་ཟད། ས་ཆ་པད་མ་རི་མཐོ་ལ་དགོན་ས་བྱེད་པའི་ཐུགས་འདུན་ཀྱང་ཡོད་མོད་ཕྱི་ནང་གི་རྐྱེན་གྱི་དབང་གིས་ཐུགས་འདུན་ལྟར་མ་བྱུང་།     མ་ཟད་ཡོངས་ཀྱི་དགེ་བའི་བཤེས་གཉེན་བློ་བཟང་བསྟན་འཛིན་མཆོག་གིས་སེར་ཤུལ་གྱི་ས་ཆར་བཙུན་མའི་དགོན་པ་ཞིག་འདེབས་ཐུབ་ན་ཤིན་ཏུ་ལེགས་ཅེས་དཔོན་ཚང་མཆོག་སྤྲུལ་རིན་པོ་ཆེ་དང་དགོན་པ་མཆོག་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས་ཀར་གསུངས་མྱོངས་པ་དང་།    ཕྱི་ལོ་ཉིས་སྟོང་ཡས་མས་སུ་དམ་པ་འདི་ཉིད་རྩེ་རེ་ཨ་ནེ་དགོན་དུ་ཐེངས་ཁ་ཤས་བྱོན་ཅིང་བཟང་སྤྱོད་ཀྱི་ལུང་སོགས་གསུངས། ཁོང་དེར་བྱོན་དུས་ཀྱི་སྐབས་ཀུན་ཏུ་གྱ་རིང་ཨ་ནེ་དགོན་གྱི་དབུ་ཁྲིད་ཀུན་བཟང་མཁའ་སྤྱོད་དབང་མོས་ཁོང་འདས་རྗེས། སེར་ཤུལ་གྱི་ཨ་ནེ་རྣམས་ཁྱེད་ཀྱིས་བདག་པོ་བྱེད་རོགས་ཡང་ཡང་གསུངས་ཤིང་། ལྷག་པར་ཁོང་ཉིས་སྟོང་གསུམ་ལོར་བྱོན་དུས་ཨ་ནེ་ལྷ་མ་ཀུན་བཟང་མཁའ་སྤྱོད་དབང་མོས་དམ་པ་མཆོག་ལ་ཁོང་ནི་ལོ་མཐོན་པོ་ཡིན་པ་དང་ཁོང་འདས་ཚེ་ལ་ཆེན་པོ་ཨེ་ཡོད་མི་ཤེས། ཁོང་འདས་རྗེས་ས་ཆ་འདིའི་སེར་ཤུལ་གྱི་ཨ་ནེ་རྣམ་པ་རྟེན་ས་འཁྲི་ས་མེད་པ་ལྟ་བུར་འགྱུར་ཉེན་ཡོད་པས་ཁྱེད་ཀྱིས་བདག་པོ་རེ་བྱེད་རྒྱུ་ཐུགས་ལ་ཟུངས་ཞེས་ནན་གཏན་ཆེན་པོས་ཞུས། དེ་དུས་ཁོང་གིས་དགེ་རྒན་གདན་འདྲེན་གྱི་རྒྱུ་རྩར་ནས་རྒྱ་སྟོང་ལྔ་དང་སྒོར་ལྔ་སྟོང་གནང་ནས། ཁྱེད་རྣམས་ཀྱིས་དགོན་འདིར་དགེ་རྒན་ཞིག་གདན་འདྲེན་བྱས་ནས་ཨ་ནེ་ཚོ་ལ་སློབ་གཉེར་ཡག་པོ་ཞིག་བྱེད་ཐབས་ཀྱིས། དེ་ཡང་མཁན་པོ་ཞིག་གདན་དྲངས་ནས་སློབ་སྦྱོང་ཡག་པོ་ཞིག་འཛུགས་ཐུབ་ན་དགེ་རྒན་བཞུགས་ས་གཟིམ་ཤག་བཞེངས་རྒྱུ་དང་འབུལ་བ་སོགས་ལ་ངས་རོགས་སྐྱོར་ཅི་ལྕོགས་བྱེད་ཅེས་ཨ་ནེ་ལྷ་མ་དང་ཁོང་གི་ཉེ་གནས་ཤེས་རབ་སོགས་ལ་གསུངས། ཁོང་ཉིས་སྟོང་ལྔ་ཡི་ལོར་བྱོན་དུས་ཨ་ནེ་མཁའ་སྤྱོད་དབང་མོས་ཡང་བསྐྱར་ནན་གྱིས་ཞུས་པ་བཅས་ལ་བརྟེན་ནས་དམ་པ་མཆོག་གིས་ཞལ་བཞེས་གནང་།དེ་ནས་ཁོང་གིས་རྫ་སེར་ཤུལ་སྡེ་དགོན་ཟུང་གི་བསྟན་སྲིད་ཡོངས་རྫོགས་ཀྱི་མངའ་བདག་ ༧ སྨན་ཤུལ་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་ལ་གོང་གསལ་གྱི་རྒྱུ་མཚན་རྣམས་ཞིབ་ཞུས་ཐོག །སེར་ཤུལ་གྱི་ས་ཆ་འདིར་རབ་ན་བཙུན་མའི་དགོན་པ་ཞིག་གམ། དེ་མིན་ཀྱང་བཙུན་མ་ཚོར་ཆོས་གསུང་སའི་ཆོས་གྲྭ་ལྟ་བུ་ཞིག་བཏབ་ན་དགོས་པ་ཡོད་མེད་དང་འགྲིག་མིན། གལ་ཏེ་དགོས་པ་ཡོད་པ་ཞིག་ཡིན་ཚེ་ངས་དེ་ལ་འབད་བརྩོན་བྱས་ན་བསྟན་འགྲོར་ཕན་པའི་བྱ་བ་ཡག་པོ་ཞིག་ཏུ་འགྱུར་ཐུབ་མིན་སོགས་ཕྱག་མོ་ཞུས་ཤིང་ཐུགས་བློ་དྲིས་པར། ཁོང་གིས་ཐུགས་དགྱེས་ཚོར་ཆེན་པོས་དེ་ལྟར་འགྲུབ་ན་ལེགས་པའི་གསུང་བཤད་དང་འབྲེལ་མོ་ཡང་ཧ་ཅང་ཡག་པོ་འདུག་གསུངས།  གཙོ་བོ་དམ་པ་མཆོག་གི་རྩ་བའི་བླ་མ་གཅིག་པུ་ཁྲི་ཆེན་ངག་དབང་ལེགས་འོང་མཆོག་ལ་སྐབས་དོན་འདིའི་མགོ་མཇུག་བར་གསུམ་ཚང་མ་ཞིབ་ཕྲར་ཞུས་པར།      བླ་མས་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་གནང་། དེའི་རྗེས་ནས་རིན་པོ་ཆེ་ཨ་ནེ་ལྷ་མའི་སྐུ་མདུན་བྱོན། དེ་དུས་ཨ་ནེ་ལྷ་མས་ངས་ཁྱེད་ནམ་བྱོན་འོང་བསམས་ནས་སྒུག་ཡོད་ཅེས་གསུངས་པར།    ཁྱེད་ཀྱིས་བདག་ལ་ཐུགས་རེ་བཅོལ་བ་ལྟར་ངས་དགོན་པ་ཞིག་འདེབས་རྒྱུའི་འཆར་གཞི་བྱས་ཡོད། ། ས་ཆ་དེར་སྟོན་ཁ་ཆོས་ཁྲིད་ཅིག་ཚོགས་རྒྱུ་ཡིན་པས་དེ་ལ་དགེ་མ་ཚོར་སྐབས་ཀྱི་གནང་བ་ཞིག་སྦྱིན་དགོས། རྗེས་སུ་དགོན་པ་ལེགས་འགྲུབ་བྱུང་ཚེ་དེ་དུས་སེར་ཤུལ་གྱི་དགེ་མ་རྣམ་པ་འདིར་བྱོན་དགོས་ནི་རེད། དམིགས་བསལ་གྱ་རིང་ཨ་ནེ་དགོན་གྱི་ལས་ཀ་ཐོག་ཏུ་ཡོད་པའི་སེར་ཤུལ་གྱི་ཨ་ནེ་ཚོ་དང་། གྱ་རིང་དགོན་དུ་མི་འདྲེས་ས་འདྲེས་སོགས་ཀྱི་སེར་ཤུལ་གྱི་ཨ་ནེ་དགོན་དུ་ཕེབ་མི་འདོད་པ་སོགས་ལ་ཞུ་རྒྱུ་མེད་པ་མ་གཏོགས་སེར་ཤུལ་གྱི་ཨ་ནེ་ཚང་མ་བྱོན་དགོས་གསུངས་པར།  ཨ་ནེ་ལྷ་མ་ཡང་དེ་ལྟར་ཐུགས་བབ་བྱུང་།གཉིས་པ་ཕྱག་ཇི་ལྟར་བཏབ་པའི་ཚུལ་ནི།རབ་བྱུང་བཅུ་བདུན་པའི་མེ་ཕག་ཟླ ༢ ཚེས ༤ ཕྱི་ལོ ༢༠༠༧ ལོའི་ཟླ ༣ ཚེས ༢༢ ཉིན། ༧ ཁྲི་ཆེན་ངག་དབང་ལེགས་འོང་། ཨ་ཤུལ་ཁྲི་བ་བློ་བཟང་བཀྲ་ཤིས། དགོན་པ་མཆོག་སྤྲུལ་རིན་པོ་ཆེ།དགེ་བཤེས་ཐུབ་བསྟན་ཆོས་འཕེལ། དགེ་ཟླ་སྡིས།དབུ་སྟོད་དཔོན་ཕུན་ཚོགས་ཚེ་རིང་། བློན་དོན་འགྲུབ་ཚེ་རིང་། རུ་ཁག་དང་བོའི་འགོ་ཁྲིད་བསོད་ནམས་དཔལ་འབྱོར་སོགས་སེར་ཤུལ་དབུ་སྟོད་ཀྱི་ས་ཆ་མོག་ཆེན་བྲག་བསེས་སུ་སྔ་ཕྱིར་བྱོན་ནས་ས་གཟིགས། 



     དེ་དུས་ད་ལྟའི་དགོན་པ་ཆགས་སའི་བྲག་ལུང་མདོ་ནི་དགོན་པ་ཆགས་སའི་ས་ཆ་ལེགས་པོ་ཞིག་ཏུ་ཁོང་རྣམས་ཀྱིས་གྲོས་མ་བྱས་བསམ་པ་གཅིག་མཐུན་ལྟ་བུར་བྱུང་བར་མ་ཚད།ད་ལྟའི་འདུ་ཁང་ཡོད་སའི་མདུན་དེར་རྒྱས་ལི་ཚང་གི་ཁང་བ་ཡོད་ལ་ཁོང་གི་ཁང་ས་ནི་ཨ་རིག་མཆོག་སྤྲུལ་རིན་པོ་ཆེས་ས་གཟིགས་པ་ཡིན་ལ། དེ་དུས་ཁོང་གིས་ད་ལྟའི་འདུ་ཁང་ཡོད་ས་འདི་དཀྱིལ་འཁོར་ཞིག་གི་སྟེང་རེད་འདུག་པས་ས་གནོན་དཀའ་ས་རེད། དེས་ན་ཁྱེད་ཚང་གི་ཁང་བ་ཅུང་ཙམ་དེའི་སྔོན་དུ་ལོས་ཞེས་གསུངས་པར་དུད་ཚང་དེའི་ཤུལ་གྱི་མི་དག་གིས་བཤད། དེ་ཡང་ཁོང་རྣམ་པས་ས་དེར་གཏེར་བུམ་སྦས་ཤིང་བརྟག་བསླངས་སྦྱང་གསུམ་སོགས་དམ་ཆོས་འདུལ་བ་དང་གསང་སྔགས་རྒྱུད་སྡེ་ལས་འབྱུང་བ་ལྟར་ཕུན་སུམ་ཚོགས་པ་བྱས། དེ་ནས་ཁོང་རྣམ་པ་གོང་གསལ་རྒྱས་ལི་ཚང་གི་ཤུལ་དགེ་འཕེལ་ཚང་ཞེས་པའི་ཁྱིམ་ཚང་དེས་གསོལ་ཇ་དྲངས་སྐབས། འོ་ཟོ་ཞིག་འདྲིལ་ནས་འོ་མ་ཁྱིམ་གང་བ་ཙམ་འཁྱིལ་བར་ཨ་ཤུལ་ཁྲི་རིན་པོ་ཆེས་རྟེན་འབྲེལ་ལེགས་གསུངས་ནས་ཐུགས་དགྱེས་ཚོར་ཆེན་པོ་མཛད། དེ་ཡང་ས་འདི་ཕྱོགས་ནི་དབུ་སྟོད་མཉམ་ལས་གསུམ་གྱི་ས་ཡིན་པས་དབུ་སྟོད་རུ་ཁག་ཚོའི་ལས་བྱེད་དང་། རུ་ཁག་གསུམ་དར་དམར་ཡུལ་ཚོའི་མངའ་ཞབས་སུ་གཏོགས་པས་ཡུལ་ཚོའི་འགོ་བ་རྣམས་ལ་དགོན་པ་ཆགས་སའི་ས་ཆ་དང་། ཁོང་ལ་འབྲོག་ལས་ཀྱི་འཚོ་བར་བརྟེན་ནས་མ་འོངས་པར་དགོན་པ་རང་ཁ་རང་གསོ་བྱེད་རྒྱུའི་ཐུགས་འདུན་ཡོད་པས་འབྲེལ་ཡོད་ཀྱི་ལས་བྱེད་རྣམས་ལ་ས་བསླངས་པར། དེ་དུས་ཀྱི་ཡུལ་ཚོའི་འགོ་བ་བསོད་ནམས་ཆོས་འཕེལ་དང་། ཀ་ཐོག་བློས་རྣམ་སོགས་ས་འདིར་འོང་ནས་དགོན་པ་ཆགས་ས་དང་། གཞན་ཡང་ཕྱོགས་སོ་སོའི་བ་དཀར་ལ་ཁ། ལྕང་ལུང་ལ་ཁ། ན་ཁྲ་མའི་ལ་ཁ། ར་ཧེའི་ལ་ཁ་རྣམས་ཚུན་ཆོད། སྲིབ་ཀྱི་རྩྭ་གོས་ལུང་བ་ཡན་ཆོད། ཉིན་གྱི་རྡོ་ཚང་ཡན་ཆད་ཀྱི་ས་རྣམས་དགོན་ས་ལ་ཕུལ།དེ་ནས་ཟླ ༢ ཚེས་ ༡༨ ཉིན་ས་ཆ་འདིར་མ་ཎི་དུང་འཁོར་ཞིག་ཀྱང་བཞེངས་མགོ་བརྩམས་ཤིང་།



དེ་ནས་ཟླ ༣ ཚེས ༢ ཉིན་རིན་པོ་ཆེས་འབར་རྟ་ཤིང་བཟོ་བཀྲ་ཤིས་དོན་འགྲུབ་ལ་འདུ་ཁང་གི་རྨང་བཏིང་དུ་གཅུག་ཅིང་། དེ་ནས་ཕྱི་ནང་གི་རྒྱུ་རྩ་ཚང་མ་རིན་པོ་ཆེ་གཅིག་པུས་ཕུད་ཅིང་རྡོ་དང་ཨར་འདམ་ཉོ་ལེན་སོགས་ལས་འགན་ཆེ་ཤོས་དེ་ཁོང་གི་གཅུང་བོ་རྡོ་རྗེས་ཁུར། ལས་ཀ་གཞི་རྒྱ་ཆེ་བ་རྣམས་འབར་རྟ་སྡེ་དགོན་ལྔའི་རྡོ་བཟོ། ཤིང་བཟོ། ལྷ་བཟོ་སོགས་ཀྱིས་མ་བསྐུལ་དང་བླངས་ཀྱིས་དེ་ལོ་འདི་ལ་ཕལ་ཆེར་ལེགས་འགྲུབ་བྱུང་།  གསུམ་པ་བཤད་སྒྲུབ་ཀྱི་འཆད་ཉན་ཇི་ལྟར་བྱུང་བའི་ཚུལ་ལ།  ཐོག་མའི་བྱུང་རིམ་དང་།      ད་ལྟའི་གནས་ཚུལ་གཉིས་ལས། དང་བོ་ནི།ལོ་དེའི་བོད་ཟླ་༨  ཚེས  ༡༦ ཉིན་ནས་བཟུང་ཚེས ༣༠ བར་འདུ་ཁང་གསར་བའི་ནང་ནས་སེར་ཤུལ་ཨ་ནེ་རྣམ་པར་། ཁྲི་ཆེན་ངག་དབང་ལེགས་འོང་མཆོག་གིས་ལམ་རིམ་དམར་ཁྲིད་ཀྱི་ས་གཅད་དང་འབྲེལ་ལམ་རིམ་བསྡུས་དོན་གྱི་ཟབ་ཁྲིད་རྒྱས་པ། སྦྱོར་ཆོས་སྐལ་བཟང་མགྲིན་རྒྱན་དང་། དགེ་ཚུལ་ཕྱིར་བཅོས། དེའི་ཡོངས་དག་གསུམ་གྱི་ཁྲིད་ལུང་། སྐྱབས་འགྲོ་སེམས་བསྐྱེད། དགའ་ལྡན་ལྷ་བརྒྱ་མ། དེ་ལྟར་དངོས་གྲུབ་མ། རྟེན་འབྲེལ་བསྟོད་པ། ལྟུང་བཤགས། སྤྱི་བཤགས། གནས་བཅུ། སྐབས་གསུམ་པ། དཔལ་ལྡན་ས་གསུམ་མ། མཁའ་མཉམ་མ། རྣམ་དག་གངས་རི་མ། ལམ་རིམ་སྨོན་ལམ། ལམ་གཙོ་རྣམ་གསུམ། སྨོན་ལམ་རྣམ་ལྔ། ཡོན་ཏན་གཞི་གྱུར་མ། གདུགས་དཀར་མཆོག་གྲུབ་མ། གདུགས་དཀར་བསྟོད་པ། ཤེར་རབ་སྙིང་བོ།སྒྲོལ་མ། དེའི་འདོད་གསོལ། སྒྲོལ་དཀར་བསྟོད་པ།  ལེགས་བྲིས་མ། དབྱངས་ཅན་མའི་བསྟོད་པ། སྨན་བླའི་མདོ་ཆོག ། གསང་འདུས་སྨོན་ལམ། ཤམ་བྷ་ལའི་སྨོན་ལམ། གཟུངས་ཆེན་སྡེ་ལྔ། མཚན་བརྗོད། བླ་མ་མཆོད་པ། ཐུན་དྲུག་དབང་བཞི་སྦྲག་མ།  ཚེ་སྒྲུབ་ཤོག་གཅིག་མ། འཇིགས་བྱེད་དཔའ་གཅིག་གི་ཆོ་ག་རྒྱས་བསྡུས་གཉིས་རྣམས་ཀྱི་ལུང་གསུངས་ཤིང་། འཇམ་དབྱངས་རིགས་ལྔའི་རྗེས་གནང་དང་། འཇིགས་བྱེད་དཔའ་གཅིག་གི་དབང་བསྐུར་ཏེ་དེར་འདུས་སྐྱེ་འགྲོ་ཡོངས་ལ་ཟབ་རྒྱས་ཆོས་ཀྱི་སྐལ་བཟང་མངོན་དུ་གྱུར། ཚེས་སུམ་ཅུའི་ཉིན་འདུ་ཁང་གསར་བའི་ནང་ནས་ཁྲི་ཆེན་ངག་དབང་ལེགས་འོང་། རིན་པོ་ཆེ་མཆོག །འབར་རྟ་མཁན་པོ་འཇམ་དགའ། གྲྭ་བློ་བཟང་ཆོས་གྲགས་སོགས་དགེ་སློང་བརྒྱད་དགུ་ཞིག་གིས་དུས་ཚིགས་གསོ་སྦྱོང་འཚོགས།


དེ་ནས་ཧོར་ཟླ ༡༠ ཚེས  ༢༥ ལ་དགའ་ལྡན་ལྔ་མཆོད་ཆེན་མོ་འཚོགས་ཤིང་དེ་ནི་དགོན་པ་འདི་ཉིད་གསར་དུ་དབུ་བརྙེས་པའི་སྐབས་ཀྱི་དུས་མཆོད་ཏུ་ཡང་གྱུར། དེ་ནས་བཟུང་སྟེ་དགོན་པ་གཏན་ཆགས་ཀྱི་རྣམ་པར་གྱུར་ཏེ་ད་བར་མི་ལོ་ཁོར་མོ་དྲུག་ཙམ་ལོན། །ཟླ་ ༡༠ བའི་ཚེས ༣༠ ཉིན་སེར་ཤུལ་སྡེ་དགོན་ཟུང་གི་བསྟན་བདག་ ༧ སྨན་ཤུལ་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་དགོན་འདིར་ཞབས་ཀྱིས་བཅགས་སྐབས། དམ་པ་མཆོག་གིས་སྨན་ཤུལ་རིན་པོ་ཆེ་ལ་ད་ལྟ་འདི་ཕལ་ཆེར་དགོན་པ་ཞིག་གི་རྣམ་པར་གྲུབ་ཡོད།  དགོན་པ་འདི་ཁྱེད་དང་ཁྲི་བ་རིན་པོ་ཆེ་རྣམ་པ་གཉིས་ལ་མེ་ཏོག་ཡོངས་འབུལ་བྱས་ནི་ཡིན། ང་ནི་དགོན་པ་འདི་འཛུགས་པ་བོའི་སྦྱིན་བདག་དང་ལས་ཀ་བ་ལྟ་བུ་ཡིན་པས་དགོན་བདག་ནི་ཁྱེད་རྣམ་པས་གནང་དགོས་པར་ཞུས་པས་དེ་ལྟར་ཞལ་གཞེས་གནང་།ཟླ ༡༡ པའི་ཚེས ༡ ཉིན། སྨན་ཤུལ་རིན་པོ་ཆེ་མཆོག་ཚོགས་དབུར་ཕེབས་ཏེ་ཚོགས་མང་གི་དབུས་སུ །  དབུ་མཛད་དགེ་བསྐོས་གཞུང་གཉེར་མ་ཆེན་ལྷ་གཉེར་བཅས་སྐོ་བཞག་གནང་བར་མ་ཟད། ཕྱིན་ཆད་དགོན་པ་འདིའི་འགྲིག་ལམ་རྫ་སེར་ཤུལ་དགོན་གྱི་འགྲིག་ལམ་ཕར་ཆེ་བ་གཞིར་གཞག་སྟེ། ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ཀྱི་འཆད་ཉན་སོགས་སྒོ་ཀུན་ནས་དམ་ཆོས་འདུལ་བ་དང་མཐུན་པ་ཞིག་བྱེད་དགོས་སོགས་བཀའ་སློབ་ཞིབ་རྒྱས་གནང་ཞིང་། དཔལ་ལྡན་ལྷ་མོའི་གསེར་སྐུ་ཞིག་གནང་ནས་འདི་ལྷ་མོ་དང་ཨ་ཕྱི་གཉིས་ཀྱི་རྟེན་དུ་བཟུང་དང་ཆོག །ཁྱེད་ཅག་གི་ཨ་ཕྱི་ཡུན་དུ་གསོལ་ཞེས་གསུངས་ཤིང་། ཕྱིས་སུ་སྐུ་འདྲ་འདི་མགོན་ཁང་ནང་དུ་གདན་འདྲེན་སྐབས་ངོ་མཚར་བའི་རྟགས་ཁྱད་པར་ཅན་བྱུང་བ་མི་མང་བོས་དངོས་སུ་རིག་པ་སོགས་བྱུང་།


དེ་ནས་ཟླ  ༡༡  ཚེས ༡༩ ཉིན་ལས་སྣེ་ཚང་མ་ཁྲི་སྟོན་བྱས། དེ་ནས་བཟུང་སྟེ་ད་བར་ལས་སྣེ་རེས་ལོ་གསུམ་རེར་ལས་འགན་ཁུར་བ་སོགས་སེར་དགོན་ལྟར་བྱེད་བཞིན་ཡོད། ཟླ ༡༢ ཚེས ༢ ནས་ལོ་རྗེས་མའི་ཟླ ༡ ཚེས ༡༩ བར་སེར་ཤུལ་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་གི་མཁན་ཟུར་ཐུབ་བསྟན་རབ་རྒྱས་མཆོག་༼ སྐ་པེ  ༽ དགོན་འདིར་གདན་དྲངས་ཏེ། སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་གི་འགྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་དམ་ཆོས་འདུལ་བ་དང་ཁུངས་གཏུགས་ནས་ཞིབ་ལ་རྒྱས་པ་དང་། དེའི་ནང་ནས་མདོར་ལེན་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་འཛུབ་སྟོན་ལེགས་པར་གནང་བར་མ་ཟད། ལམ་རིམ་བསྡུས་དོན་དང་དགེ་ཚུལ་ཕྱིར་བཅོས་གཉིས་ཀྱི་ཁྲིད་དང་བདེན་པ་བཞིའི་རྣམ་གཞག་སོགས་གསུངས།དེ་ནས་རབ་རྒྱན་ས་བྱི་ལོར། དགེ་བཤེས་བློ་བཟང་བསྟན་དར་མཆོག་དགོན་འདིར་གདན་དྲངས་ཏེ། གུང་ཐང་བསྟན་པའི་སྒྲོན་མེའི་སློབ་གཉེར་བསླབ་བྱ་དང་། དྲུག་ཅུ་ལེགས་བསྔོས་ཀྱི་གཏོར་མ་བཅའ་ལུགས་སོགས་བཅའ་ཚོགས་ཀྱི་སྐོར་དང་། ཆུ་ཚགས་ཀྱི་ཕན་ཡོན་དང་ཆུ་ལ་ལོངས་སྤྱོད་ཚུལ། ཕུད་མཆོད་བཅའ་ལུགས་དང་བསྔོ་ལུགས་སོགས་དམ་ཆོས་འདུལ་བ་དང་འབྲེལ་བའི་བསླབ་བྱ་གནང་བར་མ་ཟད། སྒྲོལ་མའི་མན་ཌལ་བཞི་ཆོག་གི་འདོན་ལུགས་སོགས་ལེགས་པར་བསླབས་ཤིང་། དེ་ནས་བཟུང་བཙུན་མ་བཞིས་མན་ཌལ་བཞི་ཆོག་ཆག་མེད་དུ་འཚོགས། སོས་ཀ་ནས་ཆོས་གྲྭ་ཤར་མའི་རྨིང་བཏིང་སྟེ་ལོ་འདི་ལ་ལེགས་འགྲུབ་བྱུང་།



ཟླ ༤ ཚེས ༡༢ ནས་ཉིན་བཞི་ལ་སྒོམ་པ་ཁྲི་རིན་པོ་ཆེ་རང་གིས་བླ་མ་མཛད་ནས་སྨྱུང་གནས་འཚོགས་ཤིང་ལོ་འདི་ནས་བཟུང་དུས་མཆོད་འདི་རྒྱུན་པར་འཚོགས། ལོ་དེའི་ཟླ ༥ བའི་ཚེས ༡༧ ནས་ཉིན་བཞི་ལ་ཐང་ཚོགས་འཚོགས་ཏེ་མ་ཎིའི་ཆོ་ག་དང་ཆུ་གཏོར་གསུངས་ཤིང་དེ་ནས་བཟུང་འདི་ཡང་དུས་ལྟར་འཚོགས། དེ་ནས་ཟླ ༧ ཚེས ༡༧ ནས་སུམ་ཅུའི་བར་དང་། ཡང་ཟླ ༡༠ ཚེས ༢༢ ནས་ཟླ་གསུམ་ཙམ་ལ་སེར་ཤུལ་གྱི་གྲྭ་གདུགས་དཀར་དགོན་འདིར་བྱོན་ནས་བཟང་སྤྱོད་ཆེན་མོ་དང་དགུ་གཏོར་ཆེན་མོ་གཉིས་ཀྱི་ཞལ་འདོན་གྱི་འདོན་རྟ་དང་། བཅའ་འདོན་བརྡུང་གསུམ། འབུད་བརྡུང་དཀྲོལ་གསུམ་སོགས་ཆ་ཚང་བསླབས་ཤིང་། དགའ་ལྡན་ལྔ་མཆོད་དང་བཟང་སྤྱོད་ཆེན་མོ་གཉིས་ཀྱི་དབུ་མཛད་བྱས་ཏེ་དུས་མཆོད་འཚོགས་ལུགས་སོགས་ལེགས་པར་བསླབས་ཏེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདས་མཆོད་བཟང་སྤྱོད་ཆེན་མོ་དང་། སྡེ་དགོན་ཟུང་གི་སྤྱི་སྲུང་དགུ་གཏོར་ཆེན་མོ་གཉིས་སེར་ཤུལ་དགོན་གྱི་འཚོགས་ལུགས་ལྟར་ལོ་འདི་ནས་གསར་དུ་ཚུགས།ཟླ ༨ ཚེས ༢༥ ཉིན་འགྲིག་ལམ་ལྟ་སྐོར་གྱི་ཆེད་དུ་ཁམས་ཚན་དགེ་རྒན་བཞི་གསར་དུ་བསྐོས། ལོ་དེའི་ནང་ལ་སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུ་མཆོག་དགོན་འདིར་ཐོག་མར་བྱོན། ཡང་ལོ་འདིར་སེར་ཤུལ་ཐོས་བསམ་གླིང་གྲྭ་ཚང་གི་དབུ་མཛད་ཆེན་མོ་འཇམ་དབྱངས་ཚེ་རིང་དགོན་འདིར་བྱོན་ནས་འཇིགས་བྱེད་དཔའ་གཅིག་གི་མཚམས་ལ་བཞུགས་སྐབས་ཀྱི་ཞལ་འདོན་གསུངས་ལུགས། བཅའ་ཚོགས་ཀྱི་སྐོར། ཕྱག་རྒྱ་དང་ཌ་དྲིལ་དཀྲོལ་སྟངས། ནང་མཆོད་འབུལ་ལུགས་ཚུན་ཆད་སོགས་རྒྱས་པར་བསླབས་པར་མ་ཟད། ཆོ་གའི་ཐོག་ནས་ལམ་ཁྱེར་རྣམ་གསུམ་སྒོམ་ཚུལ་མདོར་བསྡུས་སོགས་གསུངས་ཤིང་། ཁོང་གིས་མཛུབ་སྟོན་གྱི་འོག་ནས་ཟླ ༡༠ ཚེས ༢༩ ནས་དགོན་འདིར་བཞུགས་པའི་དགེ་མ་ཡོངས་རྫོགས་རིམ་གྱིས་འཇིགས་བྱེད་དཔའ་གཅིག་གི་བསྙེན་མཚམས་ལ་བཞུགས། ལོ་འདིར་ནི་འགྲིག་ལམ་ཆེ་ཕྲ་ཆུང་གསུམ་དང་། ཞལ་འདོན་གསུང་བྱ། བཅའ་འདོན་བརྡུང་གསུམ་སོགས་གཙོ་བོར་བསླབས་པར་མ་ཟད། ཞར་ལ་བཙུན་མ་སོ་སོའི་གཟིམ་ཤག་བཞེངས་རྒྱུ་སོགས་ཀྱང་ཕལ་ཆེར་ལེགས་འགྲུབ་བྱུང་།



རབ་རྒྱན་ས་གླིང་ལོའི་ ཟླ  ༣   ཚེས  ༦  ཉིན་རྗེ་བཙུན་ངག་དབང་ལེགས་འོང་མཆོག་དགོན་འདིར་ཐེངས་གསུམ་པ་བྱོན་ཏེ། སྒྲོལ་མ་རྣམ་སྲས་མགོན་ཆོས་དམག་གསུམ་རྣམས་ཀྱི་རྗེས་གནང་། སྨན་བླའི་དབང་། མཆོག་བདེན་རྒྱལ་བ་མའི་ལུང་། ཐུན་དྲུག་དབང་བཞི་སྦྲགས་མའི་ཁྲིད་ལུང་སོགས་གསུངས་ཤིང་། ཟླ  ༣  ཚེས  ༡༣ ཉིན་དགོན་འདིར་སློབ་གཉེར་གྱི་རིམ་པ་གསར་དུ་བཙུགས་ཤིང་། བཙུན་མ་ཉིས་བརྒྱ་ལྷག་མཆིས་པ་འཛིན་གྲྭ་བཞིར་བཅད་ནས་ལམ་རིམ་འཛིན་གྲྭ། ཕར་ཕྱིན་འཛིན་གྲྭ། གཞུང་གསར་འཛིན་གྲྭ། བསྡུས་ཆུང་འཛིན་གྲྭ་ཞེས་མཚན་བཏགས། འཛིན་གྲྭ་བཞི་ཐུན་མོང་ལ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི། འཕགས་པའི་བདེན་པ་བཞི་སོགས་བཀའ་ཁྲིད་མདོར་བསྡུས་དང་། ལམ་རིམ་འཛིན་གྲྭ་ལ་ལམ་རིམ་ཆེན་མོ་དང་། ཕར་ཕྱིན་འཛིན་གྲྭར་དོན་བདུན་ཅུ། གཞུང་གསར་འཛིན་གྲྭར་གྲུབ་མཐའ།བསྡུས་ཆུང་འཛིན་གྲྭ་ལ་ཡོངས་འཛིན་བསྡུས་གྲྭའི་དབུ་ནས་དཔེ་ཁྲིད་ཀྱི་དབུ་འཛུག་རེ་མཛད་པར་མ་ཟད་རྩོད་པ་བྱེད་ལུགས་སོགས་མདོར་བསྡུས་གསུངས། མ་ཚད་ཉིན་འདིར་ཆོས་གྲྭའི་ནང་ནས་ཁྲི་ཆེན་ངག་དབང་ལེགས་འོང་མཆོག་གིས་ཁོང་གི་ཚ་བོ་བློ་བཟང་ཆོས་གྲགས་དམ་བཅའ་ལ་བཞག་སྟེ་དམ་པ་ཁོང་གིས་དྷཱི་སྐད་ཐོག་མ་བཏང་ནས་རྩོད་པ་གནང་ཞིང་འདི་ནི་དགོན་འདིའི་ཆོས་གྲྭའི་ནང་གི་དྷཱི་སྐད་ཀྱི་ཐོག་མ་ཡིན།



ཟླ   ༤   ཚེས   ༡   ཉིན་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་བསོད་ནམས་གྲགས་པ་དགོན་འདིར་བྱོན་ནས། ལམ་རིམ་བསྡུས་དོན། དགེ་ཚུལ་ཕྱིར་བཅོས། བསྡུས་གྲྭ་གཞི་གྲུབ་ཡན་ཆད་རྣམས་ཀྱི་དཔེ་ཁྲིད་གནང་། ཟླ ༦ ཚེས ༢༡ ཉིན་དགོན་ཁྲི་རིན་པོ་ཆེས་ངག་དབང་ཆོས་སྒྲོན་སོགས་བཙུན་མ་ལྔ་དགོན་པའི་སྨན་པ་ལ་བསྐོས་ཏེ། ཟླ་དེའི་ཚེས ༢༥ ལ་སྐྱེ་རྒུའི་སྨན་པ་ཕུར་བུ་ལྷ་མོས་དེ་དག་ལ། སྨན་རྫས་གཞི་རྩའི་ཤེས་བྱ། རྒྱུན་བཀོལ་ནུབ་ལུགས་སྨན་རྫས་སོགས་ཀྱི་ཐོག་ནས། རྒྱ་སྨན་ཀྱི་སྐོར་ལ་ཟླ་བཞི་ལ་ཉེ་བར་སློབ་ཁྲིད་བྱས། དོན་གྲུབ་ཚེ་རིང་གིས་སྨན་ཁང་གི་རྟེན་དུ་བཞག་པའི་ཁང་བ་ཞིག་ཡོད་པ་དེ་དང་།       རྒྱའི་ས་ཆ་མིས་ཀྲོས་ཆན་པོ་ཐ་བཙུན་མ་དགོན་གྱིས་སྒོར་ཁྲི་༣༠  གནང་བའི་མ་རྩ་བྱས་པ་ལས་སྨན་ཁང་གསར་དུ་བཞེངས། ཟླ ༡༠ ཚེས ༢༠ ལ་སྨན་ཁང་སྒོ་འབྱེད་བྱས་ཏེ། ཚོགས་འགྲོ་བྱོན་བཞུགས་སོགས་གྲྭ་ཚང་གི་རྣམ་པར་བྱས་ནས་སེར་ཤུལ་བཙུན་མ་དགོན་གསོ་རིག་བྱམས་སྐྱོང་གྲྭ་ཚང་ཞེས་མཚན་བཏགས། མཁན་ཟུར་སྐལ་རྦེ་བྱོན་ནས་སྨན་རྒྱུན་སྤེལ་ཐོགདེ་ནས་སྨན་པ་ཐུབ་རྡོར་དང་སྨན་པ་ཡོན་རྡོ་དང་ཚེ་རིང་ལོ་བརྒྱ་སོགས་ལས་སྔ་ཕྱིར་བོད་ལུགས་ཀྱི་སྨན་ངོས་འཛིན་དང་བརྟག་ཐབས་སོགས་ལ་ཞིབ་པར་བསླབས།   དེ་ནས་ཟླ་༨ ཚེས་བཟང་ཞིག་ལ་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་བསོད་ནམས་གྲགས་པ་མཆོག་སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུ་དང་སེར་ཤུལ་ཁྲི་རབས་ཞེ་བཞི་བ་བསྟན་འཛིན་ཡོན་ཏན་རྣམ་པ་གཉིས་ཀྱིས། སེར་ཤུལ་ཨ་ནེ་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཕེལ་གླིང་གི་མཁན་པོར་བསྐོས།  དེ་ནས་ཟླ་༩་ཚེས་༡༢་ཉིན་དམ་པ་མཆོག་དགོན་པ་འདིའི་འཇིགས་བྲལ་གདོང་ལྔའི་ཁྲི་ལ་མངའ་གསོལ་ཞིང་ཁྲི་སྟོན་གྱི་མཛད་སྒོ་སོགས་སེར་དགོན་གྱི་འགྲིག་ལམ་ལྟར་ལེགས་པར་སྤེལ་ཏེ་ཁོང་ནི་དགོན་པ་འདིའི་མཁན་པོའི་ཐོག་མ་ཡིན་ནོ། །དེ་སྐབས་ཁོང་གིས་རྗེས་ནས་དགོན་འདིར་གསར་དུ་ཞུགས་མཁན་ཚོས་རྩ་བ་བཞིའི་སྦྱོར་དངོས་མཇུག་གསུམ་དང་བཅས་པ་རྒྱུགས་སྤྲད་བྱེད་དགོས་པ་སོགས་གསུངས། ཉིན་འདིར་རྫ་སེར་ཤུལ་དགོན་གྱི་འགྲིག་ལམ་ལྟར་འཛིན་གྲྭ་བཞི་བསྡུས་ཆུང་། རྗེ་བཙུན་གྲུབ་མཐའ། དོན་བདུན་ཅུ། བདེ་འདུལ་རྣམས་ཀྱི་རྩི་བཞག་གནང་། དེ་ནས་མཁན་རིན་པོ་ཆེ་བསོད་ནམས་གྲགས་པ་མཆོག་གིས་ཕྱག་ལེན་ཕྲ་ཞིང་ཕྲ་བ་ནས་དམ་པའི་ཆོས་འདུལ་བ་དང་མཐུན་པར་བསླབ་སྟོན་གནང་ཞིང་ལག་ལེན་དུ་འདེབས་སུ་བཅུག་ཅིང་། ཞལ་འདོན་གསུང་བྱའི་རིམ་པ་འདོན་རྟ་སོགས་སྔར་ཡག་པོ་ལོབ་མེད་པ་དང་བརྗེད་སོང་བ་མང་བས་དེ་དག་ཚང་མ་སེར་དགོན་གྱི་འགྲིག་ལམ་ལྟར་བསླབས་ཏེ་བཙུགས།



དེ་ནས་མཁན་རིན་པོ་ཆེ་མཆོག་གིས་སྔོན་གྱི་འདོན་བྱ་སོགས་ཅུང་ཉུང་དུ་བཏང་ནས་དུས་ཚོད་རིང་ཤོས་སློབ་སྦྱོང་ལ་ཕུད། ཉིན་རེ་བཞིན་འཛིན་གྲྭ་རེ་ལ་མ་མཐའ་དཔེ་ཁྲིད་གཅིག །མཚན་མོའི་དམ་བཅའ་མ་ཡིན་པའིི་དམ་བཅའ་གཅིག །རྩོད་ཟླ་གཅིག །ཞལ་བགྲོ་གླེང་གཅིག་བཅས་མེད་ན་དཔེ་ཆ་འོང་ཐབས་མེད་ཅེས་གསུངས་ནས་དེ་དག་དགོན་པ་འདིའི་འགྲིག་ལམ་ལ་བཞག་ནས་དཔེ་ཆ་ཁྲིད་སྦྱང་ལ་བརྩོན། ཁོང་གི་གཞུང་ཆེན་མོ་རྣམས་ཁྲིད་པའི་ཞར་ལ་སྐྱབས་འགྲོ་བདེན་བཞི་བདེན་གཉིས་སོགས་ཀྱི་བཀའ་ཁྲིད། ལྟུང་བཤགས། དགའ་ལྷ། འཇིགས་བྱེད་དཔའ་གཅིག ། འཇིགས་བྱེད་བདག་འཇུག ། དགེ་ཚུལ་གནམ་རྩེད། བསླབ་བྱ་ནོར་བུའི་འོད་ཕྲེང་གི་བྱང་སེམས་ཀྱི་བསླབ་བྱ་སྟོན་པའི་སྐབས། བཟང་སྤྱོད་སྨོན་ལམ། རྒྱལ་དེ་སྲས་མ། ཡོན་ཏན་གཞི་གྱུར་མ། འཇམ་དཔལ་མཚན་བརྗོད། རྟེན་འབྲེལ་བསྟོད་པ། རྣམ་ཐར་བརྒྱད་ཅུ་མ་རྣམས་ཀྱི་ཁྲིད་ལུང་གསུངས། སྤྱིར་སྔ་ལོ་ནས་དགའ་ལྡན་ལྔ་མཆོད་ཆེན་མོ་ཚོགས་རྒྱུ་ཡོད་ཀྱང་འཐུས་སྒོ་ཚང་མོ་ཞིག་བྱུང་མེད་པས། ལོ་འདི་ནས་མཁན་རིན་པོ་ཆེ་ཁོང་གིས་ཞལ་འདོན་ལ་བླ་མཆོད་བཞི་སྦྲགས་མ་དང་། བཟང་སྤྱོད་གཉིས་གསུངས་རྒྱུ་དང་མ་ཚད་དཔལ་ལྡན་ས་གསུམ་མ་རྟ་བྱེད་རྒྱུ། གདམས་གུང་བར་གྱི་དམ་བཅའ་འཛུགས་རྒྱུ། གླིང་མེ་སྦར་རྒྱུ་སོགས་བྱེད་དགོས་པར་མ་ཟད། ས་ཆ་གད་བདར་བྱེད་རྒྱུ། གཟིམ་ཤག་ལ་དཀར་རྩི་དམར་རྩི་གསོལ་བ་སོགས་ལས་སྣེ་རྣམས་ཀྱིས་བརྩིས་ལེན་བྱེད་དགོས་པ་སོགས་ཕྱི་ནང་གསང་གསུམ་ནས་བསྟན་པའི་མིག་རྒྱན་དུ་འགྲོ་བ་ཤ་སྟག་མཛད། ཟླ ༩ ཚེས ༢༢ ཉིན་མགོན་ཁང་གསར་དུ་བཙུགས། དེ་ཡང་ཉིན་འདིར་དགོན་པ་ཁྲི་རིན་པོ་ཆེ། མཁན་རིན་པོ་ཆེ། སེར་ཤུལ་ཐོས་བསམ་གླིང་གི་དབུ་མཛད་འཇམ་དབྱངས་ཚེ་རིང་རྣམས་གྲལ་དུ་བྱོན་ནས། དགོན་པ་ཁྲི་རིན་པོ་ཆེས་དབུ་བླ་དང་དབུ་མཛད་འཇམ་དབྱངས་ཚེ་རིང་གིས་དབུ་མཛད་བྱས་ཏེ་ཚོགས་འཚོགས། ལོ་འདིར་འཁོར་ཁང་རྒྱུད་ཀྱི་མཆོད་རྟེན་ཆ་བརྒྱད་ཀྱང་གསར་བཞེངས་ལེགས་འགྲུབ་བྱུང་། རབ་རྒྱན་ལྕགས་སྟག་ལོའི་ཟླ ༣ ཚེས་མགོ་ནས་སེར་ཤུལ་སྨད་རྒྱུད་གྲྭ་ཚང་གི་བྱིང་ཆུང་ཐུབ་བསྟན་སྙན་གྲགས་མཆོག་དགོན་འདིར་བྱོན་ནས། འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་འཚོགས་ལུགས། ཆོ་ག་ཕྱག་ལེན་དང་འདོན་རྟ་རོལ་དབྱངས་དང་བཅས་པ་རྒྱས་པར་བསླབས་པར་མ་ཟད་དེའི་ཆོ་གའི་ཁྲིད་སོགས་གསུངས་ནས། ཟླ་དེའི་ཚེས་ ༡༨ ནས་ཉིན་གསུམ་ལ་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་འཚོགས་ཤིང་། ལོ་འདི་ནས་བཟུང་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་འཇུག་འཚོགས་རྒྱུའི་སྲོལ་བྱུང་། ལོ་འདིར་ཕྱག་ལེན་སོགས་གསར་དུ་སྦྱངས་བ་ཡིན་པས་ཚེགས་མིན་གྱིས་ཚེས ༡༨ ནས་འཚོགས་པ་ཡིན་པ་ལས། ལོ་རྗེས་མ་ནས་སེར་དགོན་གྱི་ཕྱག་ལེན་ལྟར་ཟླ་དེའི་ཚེས་བཅོ་ལྔ་ནས་ཉིན་གསུམ་ལ་འཚོགས།མཁན་རིན་པོ་ཆེས་ཟླ ༣ ཚེས་བརྒྱད་དང་དགུ་གཉིས་ལ་སེར་དགོན་གྱི་འགྲིག་ལམ་ལྟར་གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་གྱི་གཞུང་བློ་འཛིན་བྱས་པ་རྣམས་ལ་བློ་རྒྱུགས་བླངས་ཤིང་། འདི་ནས་བཟུང་སོས་ཀའི་དུས་ཚོད་འདི་དང་སྟོན་ཀའི་ཟླ ༡༠ ཚེས་བཅུ་དང་བཅུ་གཅིག་གཉིས་ལ་དཔེ་རྒྱུགས་ལེན་རྒྱུའི་སྲོལ་ཚུགས། 



ཟླ ༧ ཚེས  ༣  ཉིན་འདུ་ཁང་གི་རྟེན་བརྟེན་པ་དང་བཅས་པ་ལེགས་འགྲུབ་ཀྱི་རབ་གནས་མཛད་སྒོ་སྤེལ། དེ་ཡང་འདུ་ཁང་ཆེན་མོའི་དབུས་སུ་རྟེན་གཙོ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཡབ་སྲས་གསུམ། དེའི་གཡས་སུ་སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུའི་འདྲ་སྐུ་དང་བསྟན་པའི་བདག་པོ་སྟོན་པ་གཙོ་འཁོར་གསུམ། དེ་དག་གི་གཡས་སུ་ཡི་དམ་གསང་བདེ་འཇིགས་གསུམ། རྗེ་ཡབ་སྲས་ཀྱི་གཡོན་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་ངག་དབང་ལེགས་འོང་གི་འདྲ་སྐུ་དང་། བཀའ་གདམས་བསྟན་པའི་མེས་པོ་ཇོ་འབྲོམ་ཡབ་སྲས་གསུམ། དེ་དག་གི་གཡས་སུ་འཕྲིན་ལས་ལྷ་མཆོག་སྒྲོལ་མ་ཉེར་གཅིག །དེ་དག་ཐམས་ཅད་ཀྱི་སྟེང་དུ་བདེ་གཤེགས་སུམ་ཅུ་སོ་ལྔའི་འདྲ་སྐུ་དང་། ཐོག་རྩེག་གཉིས་པར། མགོན་ཁང་ཆེན་མོ། རྟེན་ཡི་དམ་རྡོ་རྗེ་འཇིགས་བྱེད། ཆོས་སྐྱོང་ཆ་བརྒྱད་སོགས་དང་། གཞན་ཡང་བསྟན་བདག་སྨན་ཤུལ་རིན་པོ་ཆེའི་གཟིམ་ཆུང་། སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུའི་གཟིམ་ཆུང་། དགོན་པ་ཁྲི་རིིན་པོ་ཆེའི་གཟིམ་ཆུང་། བླ་མ་དང་མི་སྣ་གཞན་དག་དགོན་འདིར་བྱོན་ཚེ་བཞུགས་སའི་གཟིམ་ཆུང་སྟེ་གཟིམ་ཆུང་བཞིའི་ནང་སྐུ་གསུང་ཐུགས་རྟེན་གཟིམ་ཁྲི་སོགས་ཆ་ལག་དང་བཅས་པ་དང་སྣེ་ལེན་ཁང་ཆེན་མོ། ཐོག་རྩེག་གསུམ་པར་བཀའ་བསྟན་གཉིས་ཀྱིས་དབུས་རྒྱ་བོད་གསུང་རབ་རྩ་ཆེའི་རིགས་བཞུགས་པའི་དཔེ་མཛོད་ཁང་ཆེན་མོ་སོགས་རྟེན་བརྟེན་པ་དང་བཅས་པ། རྟེན་གསུམ་དེ་དག་གི་མདུན་དུ་གསེར་དངུལ་སོགས་རྒྱུ་རྩ་འགང་ཆེན་ལས་གྲུབ་པའི་མཆོད་ཀོང་བདུན་ཚར་སོགས་རིན་ཐང་བྲལ་བའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་བཅས་ལེགས་པར་གྲུབ་སྟེ། རབ་གནས་ཀྱི་མཛད་སྒོར་བསྟན་བདག་སྨན་ཤུལ་རིན་པོ་ཆེ་ ༧ བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ།  སེར་ཤུལ་ཁྲི་རབས་སོ་བརྒྱད་པ་ཨ་ཤུལ་ཁྲི་རིན་པོ་ཆེ་བློ་བཟང་བཀྲ་ཤིས། ཁྲི་ལས་ཐོག་པ་སྟེ་ཁྲི་རབས་ཞེ་བཞི་བ་ནག་ཆུའི་ཁྲི་བ་སེར་བྱེས་ལྷ་རམས་པ་བསྟན་འཛིན་ཡོན་ཏན་སོགས་སེར་ཤུལ་གྲྭ་ཚང་བཞིའི་བླ་ལས་ཕལ་ཆེར་དང་གྲྭ་ཤས། འབར་རྟ་དགོན་གྱི་མཁན་པོ་འཇམ་དབྱངས་དངོས་གྲུབ། རྡོ་རྗེ་སློབ་དཔོན་རྒྱལ་མཚན་ལེགས་དཔལ། དབུ་མཛད་འཇམ་ཡག་སོགས་བླ་གྲྭ་ཁ་ཤས་སོགས་བྱོན། སྐབས་དེའི་སེར་ཤུལ་རྒྱུད་པ་མཁན་པོ་འཇིགས་དགས་དབུ་བླ་མཛད་ནས་རབ་གནས་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་རབ་གནས་མཛད་པས། བུམ་པ་ཞིག་གི་ནང་དུ་ལོ་མ་སྐྱེས་པ་སོགས་རྟགས་ཁྱད་པར་ཅན་བྱུང་། ཚེས ༣གྱི་ཉིན་བསྟན་བདག་སྨན་ཤུལ་རིན་པོ་ཆེ་དང་ཁྲི་བསྟན་འཛིན་ཡོན་ཏན་གཉིས་ཚོགས་དབུས་དུ་ཕེབ་ནས་སྨན་ཤུལ་རིན་པོ་ཆེས་ཐེངས་གཉིས་པའི་ལས་སྣེ་བསྐོ་བཞག་མཛད། ལོ་དེའི་སྟོན་ཁ་རྗེ་བཙུན་ངག་དབང་ལེགས་འོང་མཆོག་དགོན་འདིར་ཐེངས་བཞི་བ་བྱོན་ནས་དུར་བདག་གི་ལུང་དང་དམ་བཟླས་ཀྱི་ཁྲིད་ལུང་གསུངས་པར་མ་ཟད། ཁོང་རབ་གནས་ཀྱི་སྐབས་དགོན་འདིར་འོང་མ་ཁོམ་པས་དེའི་རྟེན་འབྲེལ་ལག་སྐྱེས་ཡིན་གསུངས་ནས་སྐུ་གསུང་ཐུགས་རྟེན་སོགས་གནང་ཞིང་། དགོན་པ་ཁྲི་རིན་པོ་ཆེ་ལའང་སྐུ་གསུང་ཐུགས་རྟེན་སོགས་ཕུལ། ཟླ ༨ ཚེས ༢ ནས་བཙུན་མ་དུང་སྒྲོན་སོགས་ཀྱིས་སེར་ཤུལ་མཐོ་རིམ་སློབ་གླིང་གི་དགེ་རྒན་དོན་དགའི་མདུན་ནས་འཇིགས་བྱེད་དཔའ་བོ་གཅིག་པའི་སྦྱིན་སྲེག་ཀྱི་ཐིག་དང་ཕྱག་ལེན་སོགས་ཞིབ་ཏུ་སྦྱངས། རབ་རྒྱན་ལྕགས་ཡོས་ལོའི་ཟླ ༣ ཚེས ༩ ཉིན་སེར་ཤུལ་རྒྱུད་པ་གྲྭ་ཚང་གི་བྱིང་ཆུང་ཐུབ་བསྟན་སྙན་གྲགས་བྱོན་ནས་འཇིགས་བྱེད་དཔའ་བོ་གཅིག་པའི་བདག་བསྐྱེད་ཀྱི་ཆོ་གའི་ཁྲིད་ལུང་། སྦྱིན་སྲེག་ཀྱི་ཕྱག་ལེན་ཆ་ཚང་ཁྲིད་དེ་ལོ་འདིའི་བདག་འཇུག་ལ་སྦྱིན་སྲེག་བླུགས་ཤིང་ལོ་འདི་ནས་བདག་འཇུག་སྦྱིན་སྲེག་དང་བཅས་པའི་རྒྱུན་ཚུགས། ཟླ ༤ ཚེས ༧ ནས་ཉིན་གཉིས་ལ་སེམས་བསྐྱེད་མཆོད་པ་འཚོགས་ཤིང་ལོ་འདི་ནས་བཟུང་ཟླ་ཚེས་འདི་ལ་དུས་མཆོད་དེ་རྒྱུན་ཚུགས། དུས་ཚོད་དེར་བསྟུན་ནས་མཁན་རིན་པོ་ཆེ་མཆོག་གིས་སྨོན་སེམས་དང་མཇུག་སྡོམ་གྱི་སྦྱོར་དངོས་མཇུག་གསུམ་བསླབ་བྱ་དང་། དེ་ཡང་བྱང་སེམས་ཀྱི་རྩ་ལྟུང་བཅོ་བརྒྱད། ཉེས་བྱས་ཞེ་དྲུག་སོགས་ཀྱི་སྐོར་ནས་བཀའ་ཁྲིད་རྒྱས་པར་གནང་བར་མ་ཟད་དེ་ཉིད་ལོ་རྟག་པར་རྒྱུན་སྐྱོང་བྱས། ལོ་དེའི་ཟླ་༤ ཚེས   ༢ ནས་མཁན་རིན་པོ་ཆེས་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཁྲིད་དེ་རྒྱུགས་བླངས་པ་སོགས་བྱས་ཏེ་ཐུན་མོང་རིག་གནས་སྦྱང་བའི་དབུ་ཚུགས། ཆགས་བཏབ་པ་ནས་བཟུང་འདིའི་བར་དུ་ཆོས་ཐོག་མཚམས་ཀྱི་ཁྱད་པར་མེད་པར་ཚོགས་རྒྱུ་ཅུང་མང་བས་དཔེ་ཆ་རང་སྦྱོང་གི་དུས་ཚོད་ལ་དཀའ་ངལ་ཅུང་ཟད་བྱུང་སྟེ། ལོ་འདིའི་ཟླ ༩ ཚེས ༡༨ ནས་དཔེ་ཆ་རང་སྦྱོང་སོགས་སློབ་སྦྱོང་གི་དུས་ཚོད་ཀྱི་ཆེད་དུ་དམིགས་ཏེ་ཆོས་ཐོག་མཚམས་ཀྱི་ཁྱད་པར་ཡོད་པ་བྱས།



ཟླ ༡༢  ཚེས  ༡༢ སེར་ཤུལ་མཐོ་སློབ་ཀྱི་དགེ་རྒན་བཀྲ་ཤིས་བསོད་ནམས་ཀྱིས། ལམ་གཙོ་རྣམ་གསུམ། བློ་རིག །གྲུབ་མཐའ། རིགས་ལམ་འབྲིང་སོགས་ཁྲིད།  རབ་རྒྱན་ཆུ་འབྲུག་ལོར་སྤྱིར་བཤད་སྒྲུབ་ཀྱི་བྱ་བ་མཐའ་དག་སྔར་ལྟར་རྒྱུན་བསྐྱངས་ཤིང་། དམིགས་བསལ་ཟླ ༡ ཚེས ༡༣ ནས་བཟུང་ཉིན་བཞི་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་ཤིང་། དེ་ཡང་སྔ་དྲོ་གསུང་ཆོས་གྲྭ་ལ་དགོན་པ་ཁྲི་རིན་པོ་ཆེས་སྔོན་འགྲོའི་ཆོས་བཤད་ལམ་རིམ་དང་འབྲེལ། དངོས་གཞི་སྐྱེས་རབས་སོ་བཞི་བའི་བཀའ་ཁྲིད་གནང་རྒྱུ་དང་། མཁན་རིན་པོ་ཆེས་གཞུང་ལས་མཁན་པོ་བྱེད་རྒྱུ། སྔ་དྲོ་དང་ཕྱི་དྲོའི་དམ་བཅའ་རིང་ཐུང་སོགས་ཕལ་ཆེར་སེར་ཤུལ་དགོན་གྱི་འགྲིག་ལམ་ལྟར་བྱས་ཏེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་དུ་ཚུགས་ཏེ་རྒྱུན་སྐྱོང་བྱས། ཟླ་༣ ཚེས ༥ ཉིན་བྱམས་ཁང་ཆེན་མོ་རྨིང་བཏིང་སྟེ་ལོ་རྗེས་མའི་ཟླ ༦ ཚེས ༤ ཉིན་ཕྱི་ནང་གི་རྟེན་བརྟེན་པ་དང་བཅས་པ་ལེགས་འགྲུབ་བྱུང་བར་མ་ཚད། ཁང་བརྩེགས་མཆོད་རྟེན་དང་ཆོས་གྲྭ་ནུབ་མ་གཉིས་ཀྱང་གསར་བཞེངས་ལེགས་འགྲུབ་བྱུང་། བྱམས་ཁང་གི་རྟེན་གཙོ་ཟངས་གསེར་ལས་གྲུབ་པའི་རྒྱལ་ཚབ་མི་ཕམ་མགོན་པོའི་སྐུ་བརྙན། གཡས་གཡོན་དུ་མཉམ་མེད་ཇོ་བོ་རྗེ་དང་། འཇམ་མགོན་རྒྱལ་བ་གཉིས་པ། དེ་རྣམས་ཀྱི་མཐའ་སྐོར་དུ་བྱང་སེམས་ཉེ་བའི་སྲས་བརྒྱད་རྣམས་ཀྱི་སྐུ་བརྙན། ཐོག་རྩེག་གཉིས་པར་བཀའ་དྲིན་མཚུངས་མེད་ཁྲི་ཆེན་ངག་དབང་ལེགས་འོང་གི་གདུང་རྟེན་མཆོད་རྟེན་བཞུགས། ཟླ ༤ ཚེས ༧  སེར་དགོན་གྱི་མཁན་པོ་རེའི་ཚེ་ལ་འཛིན་གྲྭ་རེ་གསར་དུ་གཅད་སྲོལ་ཡོད་པ་ལྟར། མཁན་རིན་པོ་ཆེས་བསྡུས་ཆེན་འཛིན་གྲྭ་གསར་དུ་བཅད་དེ་དགོན་པ་འདི་ལ་འཛིན་གྲྭ་ལྔ་བྱུང་།  ཟླ ༨ ཚེས ༡༠ ཉིན་ཁྲི་ཆེན་ངག་དབང་ལེགས་འོང་གི་འདས་མཆོད་འཚོགས་ཤིང་། བླ་མཆོད་བཞི་སྦྲགས་གསུངས་རྒྱུ་ཕྱི་དྲོ་དམ་བཅའ་དང་། མཚན་མོ་སྐྱོར་སྦྱང་སོགས་བྱས་ཏེ་འདས་མཆོད་འདི་ལོ་ལྟར་རྒྱུན་སྐྱོང་བྱས། ལོ་འདིའི་དགུན་ཆོས་ཆེན་མོ་ཟླ་གཅིག་གི་རིང་བཙུན་མ་བདེ་དགས་བྱང་ཆུབ་ལམ་རིམ་ཆེན་མོ་ཚོགས་དབུས་ནས་སྐྱོར་ཏེ་ཚོགས་གསོག་པ་བྱས། འདི་ནས་བཟུང་དགུན་ཆོས་ཆེན་མོར་ཚོགས་གསོག་པ་བྱུང་བར་མ་ཟད། ཆོས་ཐོག་གཞན་པ་ཚོར་ཡང་ཚོགས་གསོག་པ་མང་པོ་བྱུང་། ཁྲི་ཟུར་རིན་པོ་ཆེས་ལོ་འདི་ནས་བཟུང་ཕྱིན་ཆད་ཨ་ནེ་དགོན་པའི་བཟང་སྤྱོད་ཆེན་མོའི་དྲངས་འདྲེན་གྱི་སྦྱིན་བདག་ངས་བྱེད་གསུངས་པ་ལྟར། ལོ་འདིའི་བཟང་སྤྱོད་ཉིན་བཞིའི་གསོལ་དྲང་འདྲེན་གྱི་རྒྱུ་རྩ་ཚང་མ་སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེས་ཕུད་ཅིང་འདི་ནས་བཟུང་བཟང་སྤྱོད་ཀྱི་བསྟན་པའི་སྦྱིན་བདག་རིན་པོ་ཆེ་ཁོང་གིས་མཛད། 



རབ་རྒྱན་ཆུ་སྦྲུལ་ལོ་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་རྣམ་སྔར་ལྟར་རྒྱུན་སྐྱོང་ངོས། ཟླ ༦ ཚེས ༢༥ ཉིན་རྫ་སེར་ཤུལ་དགོན་གྱི་ཚོགས་འདུ་ཞིག་གི་ཉིན་སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུས་ལས་སྣེ་སྐོ་བཞག་མཛད།     ཟླ ༡༡ ཚེས ༡༠ ནས་ཟླ ༡༢ ཚེས ༢༣ བར་སེར་ཤུལ་དགེ་རྒན་བཀྲ་ཤིས་བསོད་ནམས་ཀྱིས། རྟགས་འཇུག །བསྡུས་ཆུང་། རྟགས་རིགས། གྲུབ་མཐའ། ས་ལམ། ལམ་སྒྲོན་རྣམས་ཀྱི་དཔེ་ཁྲིད་བྱས། རབ་རྒྱན་ཤིང་རྟ་ལོའི་བོད་ཟླ་གཉིས་པའི་ཚེས། ༡༣ ཉིན་ནས་མཁན་རིན་པོ་ཆེས་རྣམ་འགྲེལ་ཐར་གསལ་བྱེད་དང་བློ་གསལ་མགུལ་རྒྱན་སོགས་ཁྲིད་དེ། རྣམ་འགྲེལ་གྱི་རྩོད་པ་གསར་འཛུག་བྱས། འདི་ནས་བཟུང་སྔ་དྲོའི་དཔེ་ཁྲིད་དང་ཞལ་བགྲོ་གླེང་གི་མཇུག་ཏུ་རྩོད་ཟླ་འཛུག་རྒྱུའང་གསར་འཛུག་བྱས། ཡང་ཟླ་དེའི་ཚེས། ༣༠ ཉིན་མཁན་རིན་པོ་ཆེས་སོར་བྱང་གཉིས་ཀྱི་ཕྱིར་བཅོས་ཀྱི་ཁྲིད་ལུང་གསུངས་ནས། དུས་ཚིགས་གསོ་སྦྱོང་འཚོགས་ཤིང་། དེ་ནས་བཟུང་སྟེ་གསོ་སྦྱོང་ནམ་ཚེས་ཀྱི་ཉིན། གསོ་སྦྱོང་འཚོགས་རྒྱུ་གསར་འཛུག་བྱས། དེ་ཡང་མང་ཇ་ལ་འདུལ་བ་རྒྱ་མཚོའི་སྙིང་པོ་གསུངས། གསོ་སྦྱོང་དངོས་གཞིའི་སྐབས་དགེ་ཚུལ་ཕྱིར་བཅོས་དང་། སོར་བྱང་གཉིས་ཀྱི་ཕྱིར་བཅོས། སྐབས་གསུམ་པ། ཆ་བཞིའི་གཏོར་བསྔོས། ཆོས་སྒྲགས་ཀྱི་མདོ་གསུངས་རྒྱུ་སོགས་དགེ་ཚུལ་དང་འབྲེལ་ཡོད་རྣམས་སེར་ཤུལ་དབྱར་གནས་སྐབས་ཀྱི་གསོ་སྦྱོང་ལྟར་བྱས། བོད་ཟླ ༤བའི་ཚེས་༡༢ ཉིན་མཁན་རིན་པོ་ཆེས་དབང་གི་སྔོན་འགྲོའི་སྐོར་རྒྱས་པར་ཁྲིད་ནས། མི་རེས་ངག་ཐོག་ནས་དམིགས་བརྩེ་མ། ཡིག་བརྒྱ། སྐྱབས་འགྲོ། མན་ཌལ། ཕྱག་སོགས་གྲངས་གསོག་བྱེད་དུ་བཅུག་ནས། ཟླ་དེའི་ཚེས། ༡༧ ཉིན་མཁན་རིན་པོ་ཆེས་སེར་ཤུལ་རྒྱུད་པ་མཁན་ཟུར་འཇིགས་དགའ་གདན་དྲངས་ཏེ། མཁན་ཟུར་འཇིགས་དགའ་མཆོག་གིས་ཡོན་ཏན་གཞི་གྱུར་མའི་ཁྲིད་ལུང་གསུངས་ཤིང་། འཇིགས་བྱེད་དཔའ་བོ་གཅིག་པའི་དབང་བསྐུར། ཟླ་དེའི་ཚེས། ༢༠ ནས་བཟུང་ཉིན་བཞི་ལ། མཁན་རིན་པོ་ཆེ་མཆོག་གིས་བསླབ་བྱ་ནོར་བའི་འོད་ཕྲེང་གི་ཐོག་ནས་གསང་སྔགས་ཀྱི་བསླབ་བྱ་ཞིབ་ལ་རྒྱས་པ་གསུངས་སོ༎ མདོར་ན་དད་སྟོབས་བསོད་ནམས་ཀྱིས་ཕྱུག་པའི་ཕྱོགས་སོ་སོའི་བསྟན་པའི་སྦྱིན་བདག་ཆེ་ཕྲ་རྣམས་དང་མཁས་བཙུན་བཟང་གསུམ་གྱིས་ཐུགས་ཀྱི་བུམ་བཟང་ལེགས་པར་གཏམས་པའི་སྐྱེས་ཆེན་དམ་པ་དེ་དག་གི་བཀའ་དྲིན་དང་ཐུགས་བསྐྱེད་ལ་བརྟེན་ནས་ད་ལྟའི་བར་ཡང་ཆོས་དང་སྲིད་ཀྱི་ལེགས་ཚོགས་རྣམས་ཡར་ངོས་ཟླ་བ་བཞིན་གོང་དུ་འཕེལ་བཞིན་མཆིས་པ་ལགས་སོ༎ གཉིས་པ་ད་ལྟའི་ཆའི་ལོ་གཅིག་གི་རིང་གི་འཚོགས་འགྲོ་བྱོན་བཞུགས་དང་བཤད་སྒྲུབ་འཆད་ཉན་གྱི་རིམ་པ་ལ།     ཆོས་ཐོག་མཚམས་ཀྱི་དབྱེ་བ་དང་།      དེ་དག་སོ་སོའི་སྐབས་ཀྱི་དམིགས་བསལ་གྱི་འཚོགས་སྒོ་གཉིས་ལས།      དང་པོ་ནི།བོད་ཟླ་དང་པོའི་ཚེས   ༡༣ནས༡༥བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ།  བོད་ཟླ་དང་བོའི་ཚེས    ༡༧ ཉིན་ནས་དཔྱིད་ཆོས་ཆུང་ངུ་ཉིན་ཤུའི་རིང་ལ་འཚོགས།   



བོད་ཟླ་   ༢ཚེས་    ༨ནས་ཟླ་གཅིག་ལ་བཀའ་ཆོས་ཆོས་མཚམས།     བོད་ཟླ་གསུམ་པའི་ཚེས     ༨   ནས་ཟླ་གཅིག་ལ་དཔྱིད་ཆོས་ཆེན་མོ།ཟླ་བཞི་བའི་ཚེས་བརྒྱད་ནས་ལྔ་བའི་ཚེས་བཅུ་དྲུག་གི་བར་ཐང་ཚོགས་ཆོས་འཚམས།ལྔ་བའི་བཅོ་ལྔ་ལ་འཛམ་གླིང་སྤྱི་གསང་། ལྔ་བའི་བཅུ་བདུན་ནས་ཟླ་གཅིག་ལ་དབྱར་ཆོས་ཆེན་མོ།    བོད་ཟླ་བདུན་པའི་ཚེས་དྲུག་ནས་བདུན་པའི་ཉེར་གཉིས་ཀྱི་བར་དབྱར་ཀའི་ཆོས་མཚམས།བོད་ཟླ་བརྒྱད་པའི་ཚེས་བཅུ་བདུན་ནས་ཟླ་གཅིག་ལ་སྟོན་ཆོས་ཆེན་མོ།   དགུ་བའི་བཅུ་བདུན་ནས་ཉི་ཤུའི་ཆོས་མཚམས་སྔོན་མ།     བཅུ་བའི་བརྒྱད་ནས་བཅོ་ལྔའི་ཆོས་ཐོག་གམ་དགུན་ཆོས་ཆུང་ངུ་།ཟླ་དེའི་ཚེས་ཉེར་བརྒྱད་ནས་ཉི་ཤུའི་ཆོས་མཚམས་རྗེས་མ།   ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ནས་དགུན་ཆོས་ཆེན་མོ།ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ནས་ཕྱི་ཟླའི་བར་དགུན་ཁའི་ཆོས་མཚམས།    ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་བཅུའི་བར་གནང་ཆེན་ཆེན་མོ།      ཆོས་ཐོག་སྐབས་ཀྱི་ཚོགས་ཆོས་སློབ་གཉེར་གྱི་རིམ་པ་ནི།སྔ་དྲོའི་ཆ་ལ་ཐོག་མར་མང་ཇ་དང་དེའི་རྗེས་འཛིན་གྲ་སོ་སོའི་དཔེ་ཁྲིད་དང་ཞལ་བགྲོ་གླེང་།  དེ་ནས་ཉིན་གུང་ལ་གུང་ཚིགས་འཚོགས།ཕྱི་དྲོའི་ཆར་འཛིན་གྲ་སོ་སོའི་དཔེ་ཁྲིད་དང་གཞུང་བློ་འཛིན།   དེ་ནས་དགུང་མོའི་དམ་བཅའ་དང་ཆོས་ར་འཚོགས།  དེ་རྗེས་མཚན་མོའི་དམ་བཅའ་དང་སྐྱོར་སྦྱང་རེས་མོས་བྱེད།ཆོས་མཚམས་རྣམས་ལ་དགུང་མོའི་དམ་བཅའ་དང་ཆོས་ར་མེད་པ་མ་གཏོགས་གཞན་ཕལ་ཆེར་འདྲ་བ་ཡིན། གཉིས་པ་དམིགས་བསལ་གྱི་འཚོགས་སྒོ་ཁག་ནི།ཟླ་དང་པོའི་ཚེས་བཅུ་གསུམ་ནས་བཅུ་དྲུག་གི་བར་ཆོ་འཕྲུལ་སྨོན་ལམ་དང་།      བཀའ་ཆོས་རིང་མོའི་སྐབས་དཔེ་རྒྱུགས་བློ་འཛིན་དང་བསྐྱར་སྦྱང་མཛད་ཅིང་དཔྱིད་ཆོས་ཆེན་མོའི་མགོའི་ཤིང་སློང་གཉིས་ལ་དཔེ་རྒྱུགས་སྤྲད།      དཔྱིད་ཆོས་ཆེན་མོའི་བཅོ་ལྔ་ནས་བཅུ་བདུན་གྱི་བར་འཇིགས་བྱེད་དཔའ་གཅིག་གི་བདག་འཇུག་འཚོགས།   ཐང་ཚོགས་ཆོས་མཚམས་ཀྱི་ཚེས་བཅུ་གཉིས་ནས་བཅུ་དྲུག་གི་བར་སྨྱུང་གནས་ཆེན་མོ་འཚོགས། ཐང་ཚོགས་ཆོས་མཚམས་ཀྱི་སྨད་ལ་བཙུན་མ་རྣམས་ལ་དབྱར་ཀའི་རྩོད་རྒྱུགས་དང་ངེས་རྒྱུགས་ལེན།  ལྔ་བའི་བཅོ་ལྔ་ལ་འཛམ་གླིང་སྤྱི་གསང་ཕུད།      བདུན་པའི་ཚེས་བཅོ་ལྔ་ལ་དམིགས་བརྩེ་མའི་བུམ་སྒྲུབ་འཚོགས།   བརྒྱད་པའི་ཚེས་གཅིག་ནས་སྟོན་ཀའི་རྒྱུགས་ལེན།     བརྒྱད་པའི་ཚེས་བཅུ་ལ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་གི་ཁྲི་རབས་ཞེ་གཉིས་པ་དགོན་འདིའི་བླ་སློབ་ཡོངས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་གནས་ལྔ་རིག་པའི་པཎ་ཌི་ཏ་ཆེན་པོ་རྗེ་བཙུན་ངག་དབང་ལེགས་འོངས་པའི་ཞལ་སྔ་ནས་ཀྱི་འདས་མཆོད་དང་།      བཅོ་ལྔ་ལ་མ་ཎིིའི་བུམ་བསྒྲུབ་འཚོགས། ཉི་ཤུའི་ཆོས་མཚམས་སྔོན་མའི་སྐབས་འཛིན་སྐྱོར་སྦྱང་གཙོ་བོར་མཛད་ནས་བཅོ་ལྔའི་ཆོས་ཐོག་མགོར་དགུན་ཁའི་དཔེ་རྒྱུགས་སྤྲད།     བཅོ་ལྔའི་ཆོས་ཐོག་གི་ཚེས་བཅོ་བརྒྱད་ལ་བསྟན་བདག་སྨན་ཤུལ་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མའི་འདས་མཆོད་དང་འཇུག་གི་ཚེས་ཉེར་བཞི་ལ་སེ་ར་ཐེག་ཆེན་གླིང་གི་ཆགས་འདེབས་པ་པོ་བྱམས་ཆེན་ཆོས་རྗེའི་འདས་མཆོད་དང་ཉེར་ལྔ་ལ་འཇམ་མགོན་རྒྱལ་བ་གཉིས་པའི་འདས་མཆོད་ལྔ་མཆོད་ཆེན་མོ་འཚོགས།      དགུན་ཆོས་ཆེན་མོའི་ཚེས་ཉེར་ལྔ་ནས་ཉིན་བཞི་ལ་བཟང་སྤྱོད་ཆེན་མོ་འཚོགས།     དགུན་ཁའི་ཆོས་མཚམས་ཀྱི་འཇུག་ལ་ལོ་འཇུག་གི་རྒྱུགས་སྤྲོད་ལེན་བྱེད།རྒྱུན་པར་མགོན་ཁང་དུ་ཆོས་ཐོག་ལ་བཙུན་མ་དྲུག་དང་ཆོས་མཚམས་ལ་གསུམ་ལས་མི་ཉུང་བར་སྐང་གསོ་གསུང་རྒྱུ། ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་དང་ཉེར་དགུ་ལ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་ཆོས་སྐྱོང་ཆ་བརྒྱད་ཞང་པཎ་ཨ་ཕྱི་བཅས་ཀྱི་སྐང་གསོ་རྒྱས་པར་འཚོགས།  ཟླ་དང་པོའི་ཚེས་བརྒྱད་དང་དགུ་གཉིས་ལ་སེམས་བསྐྱེད་མཆོད་པ་འཚོགས།      རྒྱུན་པར་ཆོས་ཐོག་མཚམས་མེད་པར་ཚེས་བཅུ་དང་ཉེར་ལྔ་ལ་བླ་མཆོད་དང་འབྲེལ་བའི་ཚོགས་མཆོད་དང་།      ཚེས་བརྒྱད་ཐམས་ཅད་ལ་སྒྲོལ་མའི་སྟོང་ཆོག་དང་།རྒྱུན་པར་བཙུན་མ་བཞིས་མཎྡལ་བཞི་ཆོག་གསུངས་རྒྱུ་བཅས་དང་།   ཟླ་བ་ཕྱེད་ཕྱེད་ལ་སོར་བྱང་སྔགས་གསུམ་གྱི་ཕྱིར་བཅོས་དང་འབྲེལ་བའི་སྒོ་ནས་ཡོངས་དག་ཕུལ་ཏེ་གསོ་སྦྱོང་འཚོགས་པ་ཡིན་ནོ༎    


རྩོམ་སྒྲིག་པ། སྐུ་འབུམ་སྐྱབས།

པར་ལེན་པ།  ཕོལ་བ།


སྒྲ་ལམ་སློབ་ཚན་ཕབ་ལེན།