2021ལོའི་སེར་དགོན་གསང་སྔགས་རྒྱུད་པ་གྲྭ་ཚང་གི་བདག་འཇུག་ཆེན་མོ།

དུས་ཚོད།2021-05-03 15:03ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

༄༅།།གྲུབ་མཆོག་ཀླུ་སྒྲུབ་ཡབ་སྲས་དང་།།

ཟླ་བའི་ཞབས་དང་བློ་བཟང་གྲགས།།

རྩ་བའི་བླ་མ་མཆོག་རྣམས་ཀྱིས།།

བྱང་ཆུབ་བར་དུ་བདག་སྐྱོངས་ཤིག །

སེར་དགོན་སྨད་རྒྱུད་གྲྭ་ཚང་ནི། སྒྲིག་ཡིག་ལམ་སྒྲོན་ཆེན་མོ་ལས། དགེ་འདུན་གྱི་སྡེ་ཆེར་འཕེལ། གསང་འཇིགས་གཉིས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དང་།གཞི་གསུམ་སོགས་འཛུགས་པར་མཛད།


ཅེས་པ་བཞིན། བཀའ་བཅུ་རྗེ་བཙུན་བློ་བཟང་ཆོས་དར་གྱིས་སེར་དགོན་ཕྱག་བཏབ་རྗེས་སྨན་ཤུལ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་མཆོག་ཕྱི་ལོ་1838ལ་པན་ཆེན་བློ་བཟང་བསྟན་པའི་ཉི་མས་ཨེར་ཏི་ནི་མེར་གན་ཆེ་བ་ལིག་ཐུ་ཞེས་པའི་འཇའ་ས་ཐམ་ཀ་བཅས་བསྩལ་ཏེ་མདོ་ཁམས་སུ་ངེས་པར་བྱོན་དགོས་ཚུལ་གྱི་བཀའ་ཕེབས་ཤིང་། རྗེས་སུ་དགའ་ལྡན་ཁྲི་ཐོག་དོན་གསུམ་པ་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ཀྱང་ཁོང་གི་དབུ་གདུགས་དང་། སྟོན་པའི་སྣང་བརྙན་སོགས་གནང་ནས་པན་ཆེན་རིན་པོ་ཆེས་ཁྱེད་རང་བླ་ཆེན་གྱི་གོ་སར་མངའ་གསོལ་ཕྱིར།

དེ་མཚུངས་སུ་ཆས་གོས་ཡོ་བྱད་སྐུ་འཁོར་གང་ཐད་ནས་རྟེན་འབྲེལ་མ་འཕྱུགས་པར་མཛད་དེ་མདོ་ཁམས་སུ་ཕེབས་དང་དགའ་ལྡན་ཁྲི་བ་བྱས་པ་ལས་ལྷག་ཏུ་བསྟན་འགྲོའི་དོན་འོངས་ཚུལ་སོགས་ཀྱི་བཀའ་བསླབ་ཟབ་ཅིང་རྒྱས་པ་གནང་བ་བཞིན་དགུང་ལོ་སོ་བདུན་ལྕགས་གླང་ཕྱི་ལོ་1841ལ་ཆོས་སྡེ་འདིར་ཞབས་སེན་དངོས་སུ་བཀོད་དེ། སེ་ར་ཚོགས་ཆེན་གྱི་དོད་ཐབས་ལ་སེར་དགོན་ཚོགས་ཆེན་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་དོད་ཐབས་ལ་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དོད་ཐབས་ལ་རྣམ་ཐར་དད་པའི་ཆུ་གཏེར་འཕེལ་བའི་ཟླ་གཞོན་ལས། ཚེས་ལྔ་ལ་རྒྱུད་པ་གྲྭ་ཚང་གི་འཚོགས་དབུར་ཕེབས་ནས་སྒྲིག་ལམ་ཐམས་ཅད་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་མཐུན་པར་དགོས་ཚུལ་གྱི་གསུང་བཤད་གནང་། ཞེས་པ་ལྟར། བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དམ་པ་དེ་ཉིད་ཀྱིས་ཕྱི་ལོ་1841 ལྕགས་གླང་བོད་ཟླ་༡༡ ཚེས་༥ ལ་སེར་ཤུལ་རྒྱུད་པ་གྲྭ་ཚང་གསར་འཛུགས་མཛད་དེ་སྒྲིག་ལམ་ཐམས་ཅད་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་མཐུན་པར་དགོས་ཚུལ་གྱི་བཀའ་ཁྱབ་ཟབ་མོ་གནང་བར་མ་ཟད་། གསང་སྔགས་རྒྱུད་པ་གྲྭ་ཚང་ལ་དབུས་ཀྱི་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་མ་ནོར་བར་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་སྒྲུབ་མཆོད་ཆེན་མོ་དང་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་ཆེན་མོ་དང་། གཞི་གསུམ་གྱི་ཕྱག་ལེན་སོགས་ཐོག་མར་སེར་དགོན་ལ་འཛུགས་གནང་ལེགས་པར་མཛད་དོ།།



ཡང་རྣམ་ཐར་དེ་ཉིད་ལས། ཐུན་མོང་མ་ཡིན་པའི་སྐོར་རྣམས་ཕྱིས་སུ་རིག་འཛིན་སྡེ་སྣོད་སྨྲ་བའི་དབང་བོ་སྔགས་རམས་པ་བློ་བཟང་བཟོད་པ་ཞེས་བྱ་བ་ཆེད་དུ་གདན་དྲངས་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྒྲིག་ལམ་དང་ཕྱོགས་མཐུན་པར་གསར་འཛུགས་མཛད། ཅེས་པ་བཞིན། སྔགས་རམས་པ་ཧོར་བློ་བཟང་བཟོད་པས་སེར་ཤུལ་དཔལ་ལྡན་རྒྱུད་པ་གྲྭ་ཚང་གི་ཕྱག་ལེན་ཆེ་ཕྲ་མཐའ་དག་དབུས་ཀྱི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྒྲིག་ལམ་དང་ཕྱོགས་ཀུན་ནས་མཐུན་པར་མཛད་པ་ལགས་སོ།།

དེ་ནས་བཟུང་སེར་དགོན་རྒྱུད་པ་གྲྭ་ཚང་ནི་གསང་སྔགས་རྒྱུད་སྡེ་བཞིའི་ཕྱག་ལེན་ཉམས་པ་མེད་པར་རྗེ་བཙུན་ཤེས་རབ་སེང་གེའི་འཁོར་བུ་སློབ་རྣམས་ཀྱི་མཛད་འཕྲིན་འོད་དཀར་གྱི་ཟག་མ་དངོས་སོ།། དཔྱིད་ཀའི་བདག་འཇུག་གི་སྐབས། ཆོ་ག་ཕྱག་ལེན། ཐིག་རྡུལ་མཚོན། གར་ཐིག་དབྱངས་རོལ་སོགས་ཕྱག་ལེན་མ་ནོར་བར་བྱས་ནས་ནག་པའི་ཉ་ནས་ཚོགས་དགོས་པའི་རྒྱུ་མཚན་ནི།



 དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་བོ་རུ།། ཤེས་རབ་ཕ་རོལ་ཕྱིན་ཚུལ་བསྟན།། མཆོད་རྟེན་དཔལལྡན་འབྲས་སྤུངས་སུ།། དེ་བཞིན་གསང་སྔགས་ཚུལ་གསུངས་པ།། ཞེས་དང་། འགྲེལ་ཆེན་དྲི་མེད་འོད་ལས། ནག་པ་ཟླ་བའི་ཉ་ལ་ཤྲཱི་དྷཱ་ན་ཀ་ཊ་ཀར་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་གསུང་། ཞེས་པ་ལྟར། ཤེར་ཕྱིན་དང་གསང་སྔགས་ཀྱི་མདོ་སྡེ་གསུངས་པའི་དུས་ཆེན་ནི་ནག་པ་ཟླ་བའི་ཚེས་བཅོ་ལྔ་ཡིན་པར་གསུངས་པ་ལྟར་དགོན་སྡེ་འདིས་དཔྱིད་ཀའི་བདག་འཇུག་ནག་པའི་ཉ་ནས་བཟུང་དཔལ་གསང་བ་འདུས་པ་དང་ཡི་དམ་རྡོ་རྗེ་འཇིགས་བྱེད་གཉིས་ཀྱི་བདག་འཇུག་ལོ་རེ་ལོ་རེ་རེས་མོས་བྱས་ཏེ་བདག་མདུན་བུམ་གསུམ་དབང་དང་བཅས་པ་གསུངས་ནས་ཉིན་བདུན་གྱི་རིང་ལ་ཞིབ་འཚོགས་མཛད།  ཉིན་དང་བོ་གསུམ་ལ་བདག་འཇུག་རྐྱང་བ་རྒྱུད་དང་འདྲེས་ངེས་མཛད་པ་དང་། ཉིན་བཞི་བ་ལ་རབ་གནས་སྟ་གོན། ཉིན་ལྔ་བ་ལ་རབ་གནས་དགེ་ལེགས་ཆར་འབེབ་ཀྱི་དངོས་གཞི། ཉིན་དྲུག་པ་ལ་ཚེ་བསོད་དཔལ་འབྱོར་གཟི་བརྗིད་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་བསླབ་པ་གསུམ་གྱི་ཡོན་ཏན་ཐམས་ཅད་རྒྱས་པའི་ཆེད་དུ་རབ་གནས་ཀྱི་ལྷ་ལ་རྒྱས་པའི་སྦྱིན་བསྲེག་ཕུལ། ཉིན་བདུན་པ་ལ་ནད་གདོན་བར་ཆད་སྡིག་སྒྲུབ་ལྟུང་བ་སོགས་ཞི་བའི་ཆེད་དུ་ཞི་བའི་སྦྱིན་བསྲེག་ཕུལ། ཆར་ཆུ་དུས་འབབ་ལོ་ཕྱུགས་རྟག་ལེགས་ཡོང་བའི་ཆེད་དུ་ཀླུ་ས་སྟེང་དུ་འོང་བའི་དུས་ཆེན་ཁྱད་པར་བ་ནག་པ་ཟླ་བའི་ཉེར་གཉིས་ལ་ཀླུའི་དད་རྟེན་དུ་རྡུལ་མཚོན་སོགས་ཆུར་བཅུག་པའམ་ཀླུ་གཏད་ཟིན་པ་ན་སེར་དགོན་དཔྱིད་ཀའི་བདག་འཇུག་ཆེན་མོ་མཇུག་ཡོངས་སུ་གྲོལ་བ་ལགས་སོ།།



གསང་ཆེན་རིག་པ་འཛིན་པ་ཆོས་ཀྱི་སྡེ།།

བློ་གསལ་འབུམ་སྡེའི་ཚོགས་ཀྱི་ཡོངས་གང་ཞིང་།།

བཤད་དང་སྒྲུབ་པའི་བྱ་བས་སྲིད་མཐའི་བར།།

བློ་བཟང་གྲགས་བསྟན་ཕྱོགས་བཅུར་རྒྱས་བྱེད་ཤོག །



སྒྲ་ལམ་སློབ་ཚན་ཕབ་ལེན།