སྤྱི་ལོ་2021ལོའི་སེར་ཤུལ་དགོན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།

དུས་ཚོད།2021-03-10 17:16ཡོང་ཁུངས།རྩོམ་པ་པོ།རྫ་སྦི་རགརྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་རྗེ་ཙོང་ཁ་པ་ཆེན་པོས་སྔོན་སྟོན་པ་ཐུབ་པའི་དབང་པོས་ཟླ་བ་དང་པོའི་ཚེས་བརྒྱད་ནས་ཚེས་བཅོ་ལྔ་བར་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་ནས་ཕམ་པར་མཛད་པའི་དུས་ཚེས་དང་བསྟུན་ཏེ། བོད་ཡུལ་དུ་སེ་འབྲས་དགེ་གསུམ་གྱི་དགེ་འདུན་པ་རྣམས་ཀྱི་གཙོས་དགེ་འདུན་པ་མང་པོ་ལྷ་སར་གདན་དྲངས་ཏེ་གཙུག་ལག་ཁང་དུ་ཉིན་ཉི་ཤུ་རྩ་གཅིག་རིང་ལེགས་པར་འཚོགས་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྲོལ་གཏོད་པ་ལྟར། དགོན་སྡེ་འདིར་ཡང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐོག་མར་སྲོལ་གཏོད་པ་པོ་ནི་བཀའ་བཅུ་བློ་བཟང་ཆོས་དར་ཡིན་ནམ་སྙམ་ཞིང་། ལྷ་ལྡན་སྨོན་ལམ་ཆེན་མོའི་ཕྱག་བཞེས་དང་སྒོ་ཀུན་ནས་མཐུན་པར་མཛད་མཁན་ནི་སྨན་ཤུལ་ཨེར་ཏི་བློ་བཟང་ཡེ་ཤེས་བསྟན་འཛིན་ཉིད་ཡིན་པར་རྣམ་ཐར་དུ་གསལ། དེ་ཡང་བོད་ཟླ་དང་པོའི་ཚེས་བཅུར་གྲལ་འཛིན་དང་། ཚེས་བཅུ་གཅིག  བཅུ་གཉིས། བཅུ་གསུམ་ལ་ཞལ་འདོན་དཔལ་གསང་བ་འདུས་པའི་ཆོ་ག་དང་། ཚེས་བཅུ་བཞིར་བཟང་སྤྱོད། ཚེས་བཅོ་ལྔར་མ་ཎི་གསུང་ལ། སྔ་དྲོ་རྣམས་སུ་ཚོགས་ཆེན་ཁྲི་བས་སྐྱེས་རབས་སོ་བཞི་བ་འཆད་ཅིང་། སྐབས་ཀུན་ཏུ་དམ་བཅའ་གཙོ་བོར་བཙུགས་ཤིང་། ཚེས་བཅུ་དྲུག་ལ་བྱམས་པ་གླིང་སྐོར་མཛད་དགོས།

དབུས་གཙང་དམག་འཁྲུག་གི་རྐྱེན་གྱིས་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་ 1613 ནས་དགའ་ལྡན་ཁྲི་ཚབ་ལོ་ངོ་དྲུག་གི་རིང་མཛད་ནས་སེ་འབྲས་དགེ་གསུམ་གྱི་སློབ་གཉེར་པ་བཟང་གྲས་མང་པོ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་གཞུང་ཆེན་པོ་ལྔའི་བགྲོ་གླེང་དམ་བཅའ་གཞག་ནས་སྒོ་མང་དོམ་ཉག་པ་བསོད་ནམས་ཆོས་བཟང་དང་འབྲས་བློ་འབྲུག་ལྟག་པ་ངག་དབང་དཔལ་བཟང་རྣམ་གཉིས་ལ་ལྷ་རམས་པ་ཨང་དང་པོའི་མཚན་གནས་ཕུལ་ཏེ་ལྷ་ལྡན་རབ་འབྱམས་པའི་སྲོལ་ཐོག་མར་གསར་གཏོད་གནང་བ་ལྟར། ཆོས་སྡེ་ཆེན་པོ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དུའང་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཕྱི་ལོ་1936 ལོར་མཁས་དབང་དཀར་པོའི་ཚེ་སྡེས་དང་། དགེན་ངག་དབང་ཐོགས་མེད། དགེན་བློ་བཟང་འགྱུར་མེད་གསུམ་ལ་ལྷ་རམས་པ་ཨང་དང་པོའི་མཚན་གནས་དང་།  དགེན་བློ་བཟང་བཀྲ་ཤིས་དང་། དགེན་ཕྲིན་ལས་ཚུལ་ཁྲིམས་གཉིས་ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་གནང་སྟེ་སེར་ཤུལ་ལྷ་རམས་པའི་སྲོལ་ལེགས་པར་གཏད། 

རྒྱལ་པཎ་སྐུ་ཕྲེང་གོང་མ་རྣམས་ཀྱི་གོ་ཐོབ་ཐམས་ཅད་སྐུ་ཕྲེང་རྗེས་མ་ཀུན་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་ཡོད་ཚུལ་ལ་བརྟགས་ན་དབུས་ཀྱི་ལྷ་རམས་པ་ལས་སེར་ཤུལ་ལྷ་རམས་པ་དེ་ཁུངས་བཙན་པར་སྣང་ལ། ཕྱི་ལོ་1956 ལོར་སྐྱབས་མགོན་ཐམས་ཅད་མཁྱེན་པས་སྔ་སྲོལ་ཆོག་མཆན་ཐོག་ལྷ་རམས་འཕར་མ་འཛུགས་དགོས་ཚུལ་གྱི་བཅའ་ཡིག་ཀྱང་སེར་དགོན་ལ་དངོས་སུ་བསྩལ། ཕྱི་ལོ་1959 ནས་བཟུང་1981 བར་དུས་འགྱུར་གྱི་དབང་གིས་སེར་ཤུལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་མ་ཐུབ་མོད། བླ་གྲྭ་འགས་དོང་འོག་དགོན་པ་སོགས་སུ་རགས་རིམ་རེ་འཚོགས་ཚུལ་འདུག་ལ། ཉག་དུས་1864དང་། ཨམ་བན་དུས་ལོག་1909 སྐབས་སུ་དེ་དང་མཚུངས་སོ།། 

ཆོས་སྒོ་ཕྱེས་རྗེས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སླར་ཡང་བསྐྱར་གསོ་གནང་། སྔོན་གྱི་དགེ་བཤེས་ཐུབ་བསྟན་དབང་པོ་དང་བསོད་ནམས་ཡོན་ཏན་གཉིས་ཀྱིས་ལྷ་རམས་པའི་གཏོང་སྒོ་མཛད། ཕྱི་ལོ་1986 ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་གྱིས་དགེན་བློ་བཟང་ཤེས་རབ་ལ་དགེ་བཤེས་ལྷ་རམས་པའི་མཚན་གནས་དངོས་སུ་གནང་ཞིང་། ཀྲུང་གོ་རྒྱལ་ཁབ་ཀྱིས་ཀྱང་ངོས་ལེན་ཚུལ་མཐུན་ཡོད་དང་ཡོད་བཞིན་པ་ཡིན་ནོ།།

ཕྱི་ལོ་ 2021 རབ་བྱུང་བཅུ་བདུན་པའི་འཕར་བ་ལྕགས་གླང་ལོར་སེར་ཤུལ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་སུ་དགེ་བཤེས་ལྷ་རམས་པ་སུམ་ཅུ་སོ་གསུམ་ཕེབས་ཤིང་། དེ་ཡང་བཀའ་བརྒྱུད་དགོན་པ་གཉིས་དང་དགེ་ལུགས་དགོན་པ་དགུའི་སློབ་གཉེར་པ་བཞུགས་སོ།།

བཀའ་པོད་ལྔ་ཡི་ངེས་ཆ་ཕུན་སུམ་ཚོགས།།

དཀའ་གནད་སེལ་བའི་ཞིབ་ཆ་རྣམ་པར་དག །

རྣམ་ཐར་སྒོ་བཞིའི་ལན་འདེབས་ཐོགས་མེད་པའི།།

ཚད་ལྡན་ལྷ་རམས་པ་རྣམས་མངོན་པར་བསྟོད།།

ཅེས་ཀྱང་སྨྲའོ།། སྡེ་ཞྭ་སེར་པས་དང་བ་ཆེན་པོས་བྲིས་པ་ལགས་སོ།།

སྒྲ་ལམ་སློབ་ཚན་ཕབ་ལེན།