2019 ལོའི་རྫ་སེར་ཤུལ་དགོན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།

དུས་ཚོད།2019-03-04 15:11ཡོང་ཁུངས།རྩོམ་པ་པོ།སེར་ཤུལ་རྡོ་རྗེ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


དུང་དཀར་ཚིག་མཛོད་ལས།༼   དེ་སྔ་བོད་ཟླ་དང་པོའི་ཚེས་གསུམ་ནས་ལྷ་ས་གཙུག་ལག་ཁང་དུ་སྨོན་ལམ་གྱི་གྲལ་འཛིན་འགོ་ཚུགས་པ་ནས་ཆོས་སྡེ་ཆེན་པོ་འབྲས་སེ་དགའ་གསུམ་གཙོ་བོར་གྱུར་པའི་དགེ་འདུན་ཉིས་ཁྲི་ནས་སུམ་ཁྲི་བར་འཚོགས་ཏེ་འདུས་ཚོགས་སུ་བསྙེན་བཀུར་མཆོད་སྤྲིན་སྤེལ་བའི་སྨོན་ལམ་ཆེན་མོ་ཚོགས་སྲོལ་ཡོད་པ་དེ་ནི། སྔོན་སྟོན་པ་ཤཱཀྱ་མུ་ནེས་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་ཉན་ཡོད་ཅེས་པའི་ཡུལ་དུ། སྤྱི་ལོའི་སྔོན་གྱི་༥༡༡ལོ་མེ་འབྲུག་ཟླ་༡ཚེས་༡་ནས་ཚེས་༡༥བར་མུ་སྟེགས་པའི་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་པ་དང་། ཚེས་༨ ཉིན་རྫུ་འཕྲུལ་གྱིས་དངོས་གཞིའི་མཐོ་རླབས་འཕྱུར་ཏེ་མི་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་མཐར་མུ་སྟེགས་པའི་སྟོན་པ་དྲུག་འཁོར་བཅས་ཚར་བཅད་དེ་རྣམ་པར་རྒྱལ་བ་དེར་དྲན་གསོ་ཞུ་ཆེད་རྒྱ་གར་དུ་ཆོ་འཕྲུལ་མཆོད་པའི་དུས་སྟོན་ཆེན་མོ་བྱ་སྲོལ་དང་མཚུངས་པར་རབ་བྱུང་བདུན་པའི་ས་གླང་ ༡༤༠༩ ལོར་རྗེ་བླ་མ་ཙོང་ཁ་བ་ཆེན་པོས་སྣེ་གདོང་མི་དབང་གྲགས་པ་རྒྱལ་མཚན་དང་། སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོར་སློབ་སྟོན་མཛད་དེ་དད་སྦྱིན་ཁག་ནས་གཙུག་ལག་ཁང་ཞིག་གསོ་གསར་བཞེངས་ལྟ་བུ་མཛད་ཅིང་། ཁྱད་པར་སྟོན་པ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཁྱད་པར་ཅན་ཇོ་བོ་རིན་པོ་ཆེར་འབོད་པ་མ་འོངས་ཀླུ་ཡུལ་དུ་གཤེགས་པའི་ལུང་བསྟན་ཡོད་པ་ལྟར། དེ་ལས་ཕྱིར་བསྲིང་ཕྱིར་ངེས་པ་ལྔ་ལྡན་གྱི་ལོངས་སྐུར་ཞལ་བསྒྱུར་པའི་རིན་ཆེན་དང་པོའི་དབུ་རྒྱན་དང་མཆོད་པ་སྣ་ཚོགས་བཤམས་ཤིང་། ཚེས་པ་བརྒྱད་དང་བཅོ་ལྔ་ལ་གསེར་ཆབ་ཀྱིས་མཚོན་བསྙེན་བཀུར་ཚོགས་མཆོད་དཔག་ཏུ་མེད་པ་མཛད། ཕྱི་རོལ་ཏུ་ཕྱོགས་སྐྱོང་གི་དར་ཆེན་བཅོ་ལྔ་རང་རང་གི་ཕྱོགས་སུ་བཙུགས། དགེ་འདུན་ཁྲི་ཕྲག་འགར་བསྙེན་བཀུར་སྲོལ་བཟང་ཚུགས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་སྤྱི་དང་། ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་བསྟན་པའི་སྲོག་ཟུང་ཆེན་པོ་གང་ན་སུ་བཞུགས་པ་རྣམས་གདུལ་བྱའི་དོན་དུ་བསྐལ་བ་རབ་འབྱམས་ཞིང་གི་དུས་སྙེད་དུ་འཚོ་ཞིང་བཞེས་པ། མཐའ་དབུས་ཀྱི་སྐྱེ་དགུ་མཐའ་དག་གནས་སྐབས་རྫོགས་ལྡན་ཕན་བདེའི་དགའ་སྟོན་ལ་ལོངས་སྤྱོད་ཅིང་། རིང་པོར་མི་ཐོགས་པར་བྱང་ཆུབ་སྙིང་པོའི་གོ་འཕང་ལ་བདེ་བླག་ཏུ་རེག་པར་གྱུར་བ་བཅས་ཀྱི་སྨོན་ལམ་གཙོ་བོར་མཛད་ཅིང་། ཉིན་མཚན་ཀུན་ཏུ་ཆོས་སྒྲ་ཆག་མེད་དུ་སྒྲོག་པའི་སྲོལ་གཏོད་ལྷ་ལྡན་སྨོན་ལམ་ཆེན་མོར་གདན་ས་ཆེན་པོ་འབྲས་སེ་གཉིས་ནས་ཕེབས་མུས་ ༽ཀྱི་ཕྱག་སྲོལ་བཟང་པོའི་རྒྱུན་ཇི་བཞིན། འདིར་མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་བསྟན་པའི་བདག་པོ་༧རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་༼རབ་བྱུང་བཅུ་བཞི་བའི་ཆུ་སྟག་སྤྱི་ལོ༡༨༤༢ ༽ཚེས་བཅུ་གཅིག་ནས་བཅོ་ལྔའི་བར་ལ་རྗེ་ཉིད་ཀྱིས་ཁྲི་པ་མཛད་ནས། སྔ་དྲོ་གསུང་ཆོས་ལ་ལམ་རིམ་དང་སྐྱེས་རབས་སོ་བཞི་པ་གསུང་བ། འཚོགས་བར་སོ་སོའི་དམ་བཅའ།  ཕྱི་དྲོར་སྨོན་ལམ་དངོས་གཞི་བཅས་སྐལ་ལྡན་དང་བ་འདྲེན་པའི་ཕྱག་ལེན་རྨད་དུ་བྱུང་བའི་སྲོལ་གཏོད་པར་མཛད། ཉིན་ལྔའི་རིང་དུ་ཉིན་དང་པོ་གསུམ་ལ་དཔལ་གསང་བ་འདུས་པའི་བདག་མདུན་གྱི་ཆོ་ག་དང་། ཉིན་བཞི་བ་ལ་བཟང་སྤྱོད། ཉིན་ལྔ་བར་མ་ཎི་བཅས་འཚོགས་འདོན་གནང་རྒྱུ་མ་ཟད་དགུང་མོའི་དུས་བཟང་ཉིན་ལྟར་ཡོད།


 




སྔ་འཚོགས་དང་གསུང་ཆོས་ར་གཉིས་ཀྱི་བར་དང་། གུང་ཚིགས་དང་དུས་བཟང་གཉིས་ཀྱི་བར་བཅས་ལ་ཆོས་རྩོད་དམ་བཅའ་ཚད་མ་རིག་པའི་སྐོར་ནས་རྟགས་གསལ་གཏོང་བ་དང་། 



ཕྱི་དྲོའི་དམ་བཅའ་རྣམས་ལ། ཕར་ཕྱིན། དབུ་མ། འདུལ་བ། མངོན་པ་རྣམས་ཀྱི་སྐོར་ནས་རྟགས་གསལ་རིམ་བཞིན་གཏོང་དགོས་པ་སོགས་མདོར་ན་དགོན་འདིའི་སྨོན་ལམ་ཆེན་མོའི་སྒྲིག་ལམ་ཡོད་ཚད་ཐམས་ཅད་ལྷ་ལྡན་སྨོན་ལམ་ཆེན་མོའི་སྒྲིག་ལམ་དང་སྒོ་བསྟུན་ནས་བཙུགས་ཡོད་པར་མ་ཟད་སྨོན་ལམ་འདིར། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གིས་གསོལ་བསྩལ་གནང་པའི་དགེ་བཤེས་ལྷ་རམས་པ་ཡང་ལོ་རེ་བཞིན་གཏོང་བཞིན་ཡིན། དེ་ཡང་༢༠༡༩ལོ་ལ་མཚོན་ན་དགེ་བཤེས་ལྷ་རམས་པ་བཅུ་གསུམ་དུས་གཅིག་ཏུ་གཏོང་གནང་མཛད་པ་སོགས་ནི་དགོན་འདིའི་བསྟན་པའི་བདག་པོ་༧སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་གྱི་མཛད་འཕྲིན་ལས་བྱུང་བ་ལགས་སོ། །









གཞན་ཡང་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དུས་བཟང་ལ་དགའ་ལྡན་ཁྲི་པའི་ཞལ་ཇོ་བོ་ཤཱཀྱ་མུ་ནེར་གཏད་དེ་ཁྲི་ཁར་བཞུགས་དགོས་པ་དང་། ཁྲུས་གསོལ་སྐབས་གདན་ས་གཞན་གྱི་དབུ་མཛད་རྣམས་ཀྱིས་འདོན་པའི་དབུ་བསྐུལ་རེས་མོས་མཛད་དགོས་པ་ལྟར། དགོན་སྡེ་འདིའི་ཁྲི་པའི་ཞལ་ཡར་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་ལ་གཏད་ནས་བཞུགས་པ་དང་། གྲྭ་ཚང་གཞན་གྱི་དབུ་མཛད་རྣམས་ཀྱིས་ཁྲུས་གསོལ་གྱི་དབུ་བསྐུལ་རེས་མོས་གནང་བ་སོགས་འཚོགས་ཚུལ་བྱོན་བཞུགས་ཞལ་འདོན་གསུང་བྱ་ཐམས་ཅད་སྔོན་གྱི་ལྷ་ལྡན་སྨོན་ལམ་ཆེན་མོ་དང་གཅིག་མཚུངས་སུ་འཚོགས་བཞིན་ཡིན།









བཅོ་ལྔའི་མཆོད་པ།



ཡང་དུང་དཀར་ཚིག་མཛོད་ལས༼རྒྱལ་བ་ཤཱཀྱ་ཐུབ་བའི་བསྟན་པ་རྫོགས་རྗེས་ཚེ་ལོ་བཅུ་བ་འཆར་རྒྱུ་ལྡོག་ནས་རྗེ་བཙུན་བྱམས་པ་མགོན་པོའི་བསྟན་པ་མྱུར་དུ་འཆར་བའི་རྟགས་དང་རྟེན་འབྲེལ་ཆེད། དེ་སྔ་བོད་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོ་ནམ་ལངས་སྔ་ཆར་ལྷ་ལྡན་གཙུག་ལག་ཁང་གི་མཆོད་ཁང་ལྷོ་མའི་རྟེན་གཙོ་བྱམས་མགོན་སྐུ་བརྙན་ཤིང་རྟ་འཁོར་ལོ་ཆེན་པོའི་ནང་སྔོན་དུ་གདུགས་དང་། གཡས་གཡོན་དུ་རྒྱལ་མཚན་དང་ཕྱེ་ཕུར་སོགས་བརྒྱན་ཏེ་གདན་འདྲེན་ཞུས། ༽ ཞེས་གསུངས་པ་ལྟར། དགོན་པ་འདིས་ཀྱང་སྨོན་ལམ་ཆེན་མོ་ཉིན་ཐ་མ་དེ་བོད་༡༦ཉིན་ལ་བྱམས་པ་ཁྲོམ་སྐོར་ཆེན་མོ་ཞེས་པ་གཟབ་རྒྱས་ངང་ནས་འཚོགས་ནས་རྗེ་བཙུན་བྱམས་པ་མགོན་པོའི་འཁོར་གྱི་ཐོག་མར་སྐྱེ་བའི་གསོལ་འདེབས་སྨོན་ལམ་མཛད་པ་སོགས་རྟེན་འབྲེལ་གྱི་སྒོ་བརྒྱ་ཡངས་པོར་ཕྱེས་ཏེ་སྐལ་ལྡན་གྱི་སྐྱེ་བོ་གྲངས་ལས་འདས་པར་དགེ་བའི་བག་ཆགས་སྒོ་དུ་མ་ནས་བསྐྲུན་པར་མཛད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སོ། །









རྩོམ་པ་པོ། སེར་ཤུལ་རྡོ་རྗེ།

རྩོམ་སྒྲིག་པ། སེར་ཤུལ་རྡོ་རྗེ།



སྒྲ་ལམ་སློབ་ཚན་ཕབ་ལེན།