2019 ལོའི་རྫ་སེར་ཤུལ་དགོན་གྱི་དགུ་གཏོར་ཆེན་མོ།

དུས་ཚོད།2019-03-01 11:58ཡོང་ཁུངས།རྩོམ་པ་པོ།ཁྲི་ལས་འཛིན་པ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

སྤྱིར་བཏང་སེར་ཤུལ་དགོན་པ་འདིར་ཆོས་ཐོག་སྐབས་རྒྱུད་པ་གྲྭ་ཚང་གིས་བསྟན་འགྲོ་སྤྱིའི་ཞབས་རིམ་གྱི་ཆེད་བོད་ཚེས་བཅུ་དགུ་དང་ཉེར་དགུ་གང་རུང་ལ་གཏོར་མ་འཕེན་སྲོལ་ཡོད། བྱེ་བྲག་བོད་ཟླ་༡༢ཚེས་༢༦ནས་སེར་ཤུལ་དགོན་གྱི་ལོ་སྲུང་ཆེན་མོ་འཚོགས་མགོ་ཚུགས་སྲོལ་ཡོད། དུས་མཆོད་འདི་ནི་བསྟན་འགྲོ་སྤྱི་དང་ཡང་སྒོས་དགོན་སྡེ་གཉིས་ཀྱི་ལོ་སྲུང་ཆེན་མོ་ཡིན། སེར་ཤུལ་དགོན་པའི་དགུ་གཏོར་ཆེན་མོ་ནི་ཆབ་མདོ་བྱམས་པ་གླིང་གི་ཕྱག་ལེན་ནང་བཞིན་ལྕགས་ར་སྤྲུལ་སྐུས་བཙུགས་པ་ཞིག་ཡིན་ལ། བོད་ཟླ་བཅུ་གཉིས་པའི་ཚེས་༢༣་དང་༢༤ལ་དྲུག་ཅུའི་འགུགས་པ་ཚད་ལྡན་ཡོང་བའི་ཆེད་དུ་དྲུག་ཅུའི་རྒྱབ་གནོན་འཚོགས་ཤིང་།





ཟླ་བ་དེའི་ཚེས་༢༥ཉིན་གྱི་སྔ་དྲོར་དགོན་འདིའི་ཁྲི་མཁན་གདན་ཟུར་བླ་མ་ལས་སྣེ། འདུས་མང་བཅས་ཀྱིས་ཡི་དམ་རྟ་མགྲིན་ཡང་གསང་ཁྲོས་པ་གཙོ་འཁོར་དང་། ཡི་དམ་གསང་བདེ་འཇིགས་གསུམ་དང་། མགོན་ཆོས་དམག་གསུམ་སོགས་ཆོས་སྐྱོང་ཁག་བཅས་འཕྲིན་བཅོལ་མཛད། དེ་རྗེས་གཙུག་ལག་ཁང་གི་ཡང་ཐོག་ནས་བསང་གསོལ་མཛད་པ་སོགས་སྔོན་འགྲོའི་སྟ་གོན་ཡང་དག་པ་མཛད་སྲོལ་ཡོད་པ་ལྟར་ད་ལྟའང་རྒྱུན་སྐྱོང་བཞིན་པའོ། །ཉིན་དེར་རྡོ་རྗེ་སློབ་དཔོན་དང་མཆོད་དཔོན་རྣམས་ཀྱིས་དྲུག་ཅུའི་འགུགས་པ་འཚོགས། ཕྱི་དྲོར་འཇིགས་བྱེད་ཀྱི་བསྙེན་པ་ཚད་ལྡན་ཡོད་པའི་བླ་གྲྭ་རྣམས་ཀྱིས་དྲུག་ཅུ་ཆེན་མོའི་སྙན་གསན་འཚོགས་པ་ནས་ཚེས་༣༠བར་དུ་འཚོགས།


 






ཟླ་དེའི་ཚེས་༢༧ནས་༢༩བར་དུ་བསྐང་འདོན་པས་ཆོས་སྐྱོང་ཆ་བརྒྱད་ཀྱི་ཆོ་ག་གསུངས་ནས་བསྟན་འགྲོའི་སྤྱི་རིམ་དང་ཁྱད་པར་སེར་ཤུལ་སྡེ་དགོན་གསུམ་གྱི་ལོ་གསར་པའི་ནང་གི་ཆོས་སྲིད་ལེགས་ཚོགས་ཀྱི་མཛད་བཟང་ཐམས་ཅད་ཀྱི་བར་ཆད་བཟློག་ཕྱིར་དུ་དྲུག་ཅུའི་བསྒྲལ་བ་དང་གཏོར་བརྒྱག་ཚུལ་མཐུན་ཡོང་བའི་ཐུགས་བསྐྱེད་གནད་སྨིན་གནང་། ཉིན་འདི་དག་གི་རིང་ལ་ཡང་གདུགས་དཀར་པ་འཚོགས་ནས་བསྟན་འགྲོའི་སྤྱི་རིམ་དང་ཁྱད་པར་སེར་ཤུལ་སྡེ་དགོན་གཉིས་ཀྱི་ལོ་གསར་པའི་ནང་གི་ཆོས་སྲིད་ལེགས་ཚོགས་ཀྱི་མཛད་བཟང་ཐམས་ཅད་ཀྱི་བར་ཆད་བཟློག་ཕྱིར་དུ་དྲུག་ཅུའི་གཏོར་བརྒྱག་ཕུན་སུམ་ཚོགས་པ་ཡོང་བའི་ཐབས་སུ་གདུགས་དཀར་མཆོག་གྲུབ་མ་གྲངས་གང་མང་གསུང་། ཚེས་༢༨ཉིན་འཆམ་གྱི་སྔོན་འགྲོ་ལ་ཐོག་མར་ལས་སྣེ་རྣམ་པ་དང་གདུང་གྲལ་པ་རྣམས་ཀྱིས་བླ་མའི་སྐུ་ཞབས་ཆོས་ཁྲིའི་ཐོག་ཏུ་གདན་འདྲེན་ཞུས། དེ་ནས་འཆམ་གྱི་ཐོག་མར་ཨ་ཙརྱ་གཉིས་ཀྱིས་ཐོག་མར་ས་གཟིགས། རྐང་རུས་དྲུག་གིས་ས་ཐིག་བཏབ། ཤ་བ་གཉིས་ཀྱིས་ས་འདུལ་བརྡབ། ཞྭ་ནག་སྟོབས་ཆེན་སོགས་ཞྭ་ནག་པ་དགུས་ས་བྱིན་གྱིས་རླབས། དེ་ནས་བསྟན་འགྲོ་སྤྱི་རིམ་དྲུག་ཅུ་ཆེན་མོའི་ཟུར་རྒྱན་དུ་འབག་གི་སྟོབས་ཆེན་སོགས་ཡི་དམ་ཆོས་སྐྱོང་རྣམས་འཆམ། འབག་སྐུ་ཐོག་མ་འབག་གི་སྟོབས་ཆེན་ཏེ་ཆོས་རྒྱལ་གསང་སྒྲུབ་དང།  དེ་ནས་རིམ་བཞིན་འཁོར་གཤིན་རྗེ་དཀར་པོ་དང་། སེར་པོ། དམར་པོ།  སྔོན་པོ་རྣམས་ཏེ་གཤིན་རྗེའི་རིགས་ལྔ་དང་།  འཇིགས་བྱེད་ཡབ་ཡུམ་དང་། རྟ་མགྲིན་ཡབ་ཡུམ། ཆོས་རྒྱལ་ཡབ་ཡུམ་གཉིས་ཏེ་དྲུག   མགོན་པོ་དང་མགོན་དཀར་གཉིས། ཀྱཱེ་ཊ་པཱ་ལ། ཛི་ན་མི་ཏྲ། ཊཀྐི་རཱ་ཛཱ། དྲག་གཤེད་དེ་མགོན་པོ་གཙོ་འཁོར་དྲུག་དང་། རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་དང་བློན་ཆེན་ཧ་ནི་མནྡཱ་དང་གཉིས། སེང་གེའི་གདོང་ཅན་དང་དཔལ་ལྡན་ལྷ་མོ་ཆུ་སྲིན་གདོང་ཅན་ཏེ་ལྷ་མོ་གཙོ་འཁོར་གསུམ།  དཔལ་ལྡན་ཞལ་བཞི་བ་དང་། བཀྩེ། རྣམ་སྲས། དམ་ཅན་ཏེ་ཡི་དམ་དང་ཆོས་སྐྱོང་སོགས་ཀྱི་འབག་སྐུ་འཆམ་རྒྱུ་ཡོད།



ཚེས་༢༩ ལ་ཕྱི་དྲོའི་དུས་སུ་འདུས་མང་ནས་སེར་འཕྲེང་བསྒྲིགས་ནས་ཁྲི་ལས་འཛིན་པ་ཆོས་ཁྲིའི་ཐོག་གདན་ཞུས་བྱས། དེ་ནས་འདུས་མང་གྲལ་དུ་འཁོད་ནས་དྲུག་ཅུ་པའི་གཙོས་དགོན་འདིའི་བླ་གྲྭ་ཀུན་གྱིས་ཕྱི་བསྒྲལ་གསུང་། ཞྭ་ནག་དང་འབག་རྣམས་འཆམ། རྡོ་རྗེ་སློབ་དཔོན་གྱིས་བསྟན་པ་དང་སེམས་ཅན་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་སོགས་ཀྱིས་གནོད་པ་བཟློག་ཕྱིར་དཔལ་རྡོ་རྗེ་འཇིགས་བྱེད་དང་དམ་ཅན་ཆོས་ཀྱི་རྒྱལ་པོ་གཉིས་ཀྱི་ཆོ་ག་ལ་གཙོ་བོར་བརྟེན་ནས་དྲུག་ཅུའི་ལྕགས་མཁར་ཆེན་མོ་དང་། དྲུག་ཅུ་ཟུར་དགུ་མ་གཉིས་རེས་མོས་ཀྱིས་མཁར་དང་ཟོར་འཕེན་པར་མཛད་ཅིང་། དེའི་སྐབས་ཚོགས་ཆེན་ཁྲི་རིན་པོ་ཆེས་ལྕགས་རིའི་ཕྱི་སོ་ནས་རིགས་ཀུན་ཁྱབ་བདག་མ་གསུངས་ཏེ་ཐུགས་སྨོན་ཡང་དག་མཛད་པ་དང་དགེ་འདུན་མང་མས་ཀྱང་གཏོར་བརྒྱག་གི་སེར་འཕྲེང་ལ་ཕེབས་ཏེ་ཐུགས་སྨོན་གཟབ་རྒྱས་གནང་དགོས།  དེ་ཡང་ཕྱི་དྲོའི་དུས་ཚོད་བཞི་བ་ཡར་མར་ལ་གཏོར་མ་རྫོངས་པར་བླ་མ་དང་སྤྲུལ་སྐུ། དགེ་བཤེས་ལྷ་རམས་པ་དང་དགེ་རྒན་རྣམས་ཏེ། རྒྱུན་དུ་ཚོགས་ལ་འགྲོ་མི་དགོས་པའི་རྒན་པའི་རིགས་སོགས་འདུས་དམངས་ཡོངས་རྫོགས་ཕེབས་ནས། དགོན་པའི་མདུན་ངོས་སྨད་ཕྱོགས་སུ་བླ་མ་དབུ་མཛད་ཀྱིས་འགུགས་པ་གསུང་སྟེ་གཏོར་མ་བརྫང་དགོས། མདོར་ན་ལོ་རེའི་ཧོར་ཟླ་༡༢ཚེས་༢༥/༢༦/ ༢༧/༢༨ / ༢༩ སྟེ་ཉིན་ལྔའི་རིང་ལ་ཡི་དམ་དང་ཆོས་སྐྱོང་སོགས་ཀྱི་བསྐང་གསོ་གསུངས་ཏེ་འཕྲིན་གསོལ་དང་སྨོན་ལམ་རྣམ་དག་གིས་མཚམས་སྦྱར་ནས་རྐྱེན་སེལ་རིམ་གྲོ་གནད་སྨིན་མཛད་ཀྱིན་ཡོད།  དད་ལྡན་མང་པོས་འཆམ་དར་འཕེན་སྲོལ་ཡོད་པ་མ་ཟད། ལོ་རེར་ཇེ་མང་དུ་འགྲོ་བཞིན་འདུག་གོ  ། 




རྩོམ་པ་པོ། ཁྲི་ལས་འཛིན་པ་དཀོན་མཆོག་ཐོས་བསམ།

རྩོམ་སྒྲིག་པ། སེར་ཤུལ་རྡོ་རྗེ།





 


 





 






སྒྲ་ལམ་སློབ་ཚན་ཕབ་ལེན།