2018ལོའི་རྫ་སེར་ཤུལ་དགོན་གྱི་དགའ་ལྡན་ལྔ་མཆོད་ཆེན་མོ།

དུས་ཚོད།2018-12-25 12:43ཡོང་ཁུངས།རྩོམ་པ་པོ།སེར་ཤུལ་རྡོ་རྗེ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

སེར་ཤུལ་དགོན་གྱི་ལྔ་མཆོད་ནི། ༡ ༽ བོད་ཟླ་བཅུ་བའི་ཉི་ཤུ་བཞིའི་ཉིན་སེ་ར་ཐེག་ཆེན་གླིང་ཕྱག་འདེབས་པ་པོ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི་འདས་མཆོད་ཡིན་ལ། དམ་པ་ཁོང་ནི་སྦས་པའི་ཚུལ་གྱིས་གསང་འདུས་མི་བསྐྱོད་པའི་བསྐྱེད་རྫོགས་ལ་ཉམས་ལེན་མཐིལ་དུ་མཛད་པ་ཞིག་དང་། རྗེ་རིན་པོ་ཆེར་གསང་འདུས་རྫོགས་རིམ་གྱི་གནད་མཐར་ཐུག་པ་བསྲེ་བ་སྐོར་དགུའི་མན་ངག་ཞུ་བ་པོ་ཡིན་སྟབས། ཉིན་དེར་ཉིད་ཀྱི་ཐུགས་དགོངས་རྫོགས་ཕྱིར་དགེ་འདུན་མང་མས་གསང་འདུས་ཀྱི་ཆོ་ག་རྒྱས་པར་གསུང་ཞིང་། ཞལ་ངོ་རྒན་པས་བྱམས་ཆེན་ཆོས་རྗེའི་རྣམ་ཐར་གསུང་། སྤྱི་སྒེར་ཀུན་གྱིས་དངོས་བཤམ་ཡིད་སྤྲུལ་གྱི་མཆོད་པ་ཅི་འབྱོར་འབུལ་དགོས།


   

    

    

    

    



༢  ༽ ཉི་ཤུ་ལྔ་ཉིན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གི་འདས་མཆོད་ཡིན་ལ། དགེ་འདུན་མང་མས་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་གསུངས་ཤིང་། བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །ཅེས་བྱ་བ་ལ་སོགས་པའི་དོན་ཟབ་མོ་ཡིད་ལ་བསྒོམས་ཏེ། རྗེ་རིན་པོ་ཆེའི་ཞལ་ཆེམས་དངོས་དང་བརྒྱུད་པའི་སློབ་བུ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་གསུངས་པ་དྲན་པར་བྱས་ནས། ཉིན་གུང་གསང་འདུས་དང་འབྲེལ་བའི་བླ་མ་མཆོད་པའི་ཚོགས་མཆོད་འབུལ། སྤྱི་སྒེར་ཐམས་ཅད་ཀྱིས་རྣམ་ལྔའི་མཆོད་པ་གང་མང་དང་གླིང་མེ་སྦར་བ་སོགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་འབའ་ཞིག་ལ་བརྩོན་ཞིང་། ཞལ་ངོ་རྒན་པས་རྗེ་རིན་པོ་ཆེའི་རྣམ་ཐར་ཡང་གསུང་། རྗེ་བླ་མའི་བསྟན་པ་ཕྱི་གཙང་ནང་གཙང་དང་བཤད་སྒྲུབ་ཀྱི་འཆད་ཉན་ཡར་རྒྱས་གོང་འཕེལ་འོང་བའི་ཐབས་སུ་ཚོགས་ཆེན་ཁྲི་བས་ཉི་ཤུ་བཞི་དང་ལྔ་ལ་བཅའ་ཡིག་གསུངས་ཏེ་འཚོག་གཏམ་ཞིབ་རྒྱས་སུ་བཀའ་སྩལ་གནང་དགོས།



    

    

   

    

    


༣  ༽ ཉི་ཤུ་དྲུག་ལ་པཎ་ཆེན་དགུ་བ་ཐུབ་བསྟན་ཆོས་ཀྱི་ཉི་མའི་རྣམ་ཐར་ལས། ལོ་ལྟར་ལྔ་མཆོད་དུས་ཆེན་དང་འབྲེལ་འཕར་མའི་ཚོགས་འཁོར་ཐེངས་རེའི་ཐོག་དམ་བཅའ་ཚུགས་རྒྱུའི་སྦྱོར་རྩ་རྡཱ་ཡན་སུམ་བརྒྱ་དང་། རྟ་ནོར་བརྒྱ་བཅས་སྩལ། གསུངས་པ་བཞིན་བདེ་གསང་འཇིགས་གསུམ་དང་འབྲེལ་བའི་བླ་མ་མཆོད་པའི་ཆོ་ག་གསུངས་ཏེ་རྒྱུད་གྲྭ་ཀུན་གྱིས་དམ་བཅའ་ཐེངས་གསུམ་ལ་ལེགས་པར་འཛུགས་དགོས།  




    

    

    

    



༤  ༽ ཉི་ཤུ་བདུན་ལ་པཎ་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་ཆོས་ཀྱི་ཉི་མའི་འདས་མཆོད་ཡིན་ལ། ཉིན་དེའི་སྒྲིག་ལམ་ཉི་ཤུ་དྲུག་གི་ཉིན་གྱི་སྒྲིག་ལམ་ལྟར་ཕལ་ཆེར་ཡིན་ལ། པཎ་ཆེན་དགུ་བ་ཆེན་མོ་སྐུ་འདས་པའི་དུས་ཚོད་སྤྱི་ལོ་1937ཧོར་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ནུབ་མོའི་ཆུ་ཚོད་བཅུའི་ཐོག་ཡིན་མོད། སྟབས་བདེ་བའི་ཆེད་དུ་ཉི་ཤུ་བདུན་ཉིན་འདས་མཆོད་འཚོགས་པ་ཡིན་ནོ།།



    

    

    

    

    


                    རྩོམ་པ་པོ། སྡེ་ཞྭ་སེར་བ། 

                    རྩོམ་སྒྲིག་པ། སེར་ཤུལ་རྡོ་རྗེ།


སྒྲ་ལམ་སློབ་ཚན་ཕབ་ལེན།