གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་བཅོ་ལྔ་པའི་གནས་ཚུལ་མདོར་བསྡུས།

དུས་ཚོད།2018-10-10 16:09ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846



སྤྱི་ལོ་༢༠༡༨་ལོའི་བོད་ཟླ་༨ཚེས་༨དང་སྤྱི་ཟླ་༩ ཚེས་༡༧ ཉིན་མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་བཅོ་ལྔ་པ་དེ་ཉིད་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་ཡར་འཚོགས་ཀྱི་སྟ་གོན་སྟེ་ལྕགས་རི་ཕྱིའི་ལྷ་ཐོའི་རྩ་རུ་མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་བཀའ་རམས་འབྱམས་དགེ་བའི་བཤེས་གཉེན་དང་ཕྱོགས་སོ་སོ་ནས་ཕེབས་པའི་བླ་མ་སྤྲུལ་སྐུ་དང་མཁན་པོ་དགེ་བཤེས་གྲྭ་བ་དང་ཇོ་མོ་སོགས་དམར་སེར་ལི་ཁྲིས་བྱུགས་པའི་དགེ་འདུན་འདུས་སྡེ་ཡོངས་ཀྱིས་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་སྤྱི་ལ་བསང་ཆེན་གྱིས་བརྔན་ཞིང་།   གཙུག་ལག་ཁང་ཆེན་མོའི་ཐོག་བརྩེགས་ལྔ་པ་ནས་དུང་ཆེན་གྱིས་བརྡ་བཏང་པ་དང་།  ཚོགས་མང་གཙུག་ལག་ཁང་ཆེན་མོ་དང་མཐོ་རིམ་ནང་བསྟན་སློབ་གླིང་གི་ཆོས་ར་ཆེན་མོ་གཉིས་ཀྱི་ནང་དུ་བཞུགས་གདན་ལེགས་པར་འཁོད་རྗེས། བླ་མ་དགེ་བའི་བཤེས་གཉེན་རྣམ་དང་ཞལ་ངོ་རྒན་གཞོན་ཁྲི་མཁན་ལྡན་ཟུར་སོགས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་རྣམ་གཉིས་གཙུག་ལག་ཁང་ཆེན་མོའི་ནང་དུ་སེར་འཕྲེང་བྱས་ཏེ་གདན་ཞུས་མཛད།  





 ཚོགས་ཆེན་དབུ་མཛད་ཆེན་མོས་ཞལ་འདོན་གྱིས་དབུ་སྐུལ། ཚོགས་ཐོག་ཏུ་གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་བཅོ་ལྔ་པའི་གྲ་སྒྲིག་ཚོགས་ཆུང་གི་མདོ་འཛིན་པ་མཁན་གྲྭ་ཚང་མཁན་ཟུར་རིན་པོ་ཆེ་ཚེ་ཆོས་མཆོག་ནས་མདོ་འཛིན་དང་ཚོགས་མང་ལ་མཚམས་འདྲི་བྱས།




 དེ་ནས་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་རྒྱལ་མཚན་མཆོག་གིས་ལུགས་གཉིས་ཀྱི་བཀའ་སློབ་ལམ་སྟོན་དང་གངས་རྒྱན་སྨོན་ལམ་ཆེན་མོའི་ཉིང་དགོས་དང་ཚོགས་པའི་དམིགས་ཡུལ་ཐེངས་དང་པོ་ནས་ད་བར་གྱི་བརྒྱུད་རིམ་སོགས་དང་།  ཆོས་བརྒྱུད་ཆེན་པོ་བཞི་རྒྱལ་བ་ཇོ་ནང་བོན་བཅས་ཀྱི་ཆོས་བརྒྱུད་སོ་སོ་མཐུན་འབྲེལ་དང་རིས་མེད་བྱེད་རྒྱུ་གལ་ཆེ་ཚུལ།   དམ་པའི་ཆོས་འདུལ་བར་ཁུངས་བྱས་ཏེ་བཅས་པའི་དགོན་པའི་ཁྲིམས་སྒྲིག་ལམ།  གཞན་དམ་པ་གོང་མ་ནས་བརྒྱུད་ནས་ཡོང་བའི་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམ་ཐར་གཙང་མ་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་སོགས་བྱ་དགོས་ཚུལ་དང་།  སྲོལ་རྒྱུན་རིག་གནས། ཡུལ་སྲོལ་གོམ་གཤིས། བོད་པ་རང་ལ་མངའ་བའི་ཐུན་མོང་མ་ཡིན་པའི་བྱམས་སྙིང་རྗེ་སོགས་ཀྱི་ཡ་རབས་སྤྱོད་བཟང་གོང་འཕེལ་དང་རྒྱུད་འཛིན་དར་སྤེལ་བྱེད་དགོས་ཚུལ་གྱི་བསླབ་བྱ་གལ་ཆེན་བསྩལ་གནང་བར་མཛད། དེ་བཞིན་རྒྱ་སྐད་ཀྱི་ཐོག་ནས་རྒྱའི་སློབ་མ་རྣམས་ལ་མཚམས་འདྲིའི་གསུང་བཤད་ཀྱང་གནང་པར་མཛད།



 དེ་ནས་ཁྲི་ལས་འཛིན་པ་མཆོག་ནས་གངས་རྒྱན་སྨོན་ལམ་ཆེན་མོའི་སྒྲིག་ཡིག་གསལ་བསྒྲགས་དང་འབྲེལ་འདུས་མང་དང་རྒྱ་རིགས་སློབ་མ་སོགས་ལ་བཀའ་སློབ་ལམ་སྟོན་གནང་། ད་ཐེངས་ཕྱོགས་སོ་སོ་ནས་ཕེབས་པའི་ས་སྐྱ་བཀའ་རྒྱུད་རྙིང་མ་དགེ་ལུགས་ཇོ་ནང་དང་བཅས་པའི་བླ་མ་དང་དགེ་འདུན་པ། བཙུན་མ་སོགས་སྟོང་ཕྲག་མང་པོ་གནས་འདིར་ཞབས་ཀྱིས་བཅགས་ཤིང་གངས་རྒྱན་སྨོན་ལམ་ཆེན་མོའི་ཡར་འཚོགས་ནས་ཉིན་བརྒྱད་ཀྱི་རིང་ལ་འཚོགས་གནང་ཐུབ་ཡོད། ཆོས་ཚོགས་འདི་ལ་ཕེབས་པའི་ཆོས་རྒྱུད་ཁག་ནི་བཤམ་གསལ། རི་བོ་དགེ་ལུགས་པའི་དགོན་པ་ཁག་༩༢  སྔ་འགྱུར་རྙིང་མའི་དགོན་པ་༨༦། དཔལ་ལྡན་ས་སྐྱ་བའི་དགོན་པ་༦༥།  རྒྱལ་བ་བཀའ་བརྒྱུད་པའི་དགོན་པ་༧༥། རྒྱལ་བ་ཇོ་ནང་པའི་དགོན་པ་༨ བཅས་ཁྱོན་དགོན་པ་གྲངས་༣༢༦བཅས་ཀྱི་དགེ་འདུན་པ་བྱོན་ཡོད། 



ཞལ་འདོན་གྱི་རིམ་པ་ནི། སྐྱབས་འགྲོ་སེམས་བསྐྱེད།  སྙན་བརྒྱུད་བླ་མའི་རྣལ་འབྱོར།  ཡོན་ཏན་གཞིར་གྱུར་མ།  བླ་མའི་གསོལ་འདེབས་དང་མཚན་སྔགས།  དེ་ལྟར་དངོས་གྲུབ་མ།  ཤེས་རབ་སྙིང་པོ།  བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།  འཇམ་དཔལ་མཚན་བརྗོད། རྟེན་འབྲེལ་བསྟོད་པ། གནས་བརྟན་ཕྱག་མཆོད། ལྟུང་བཤགས། སྒྲོལ་མ།  ས་སྙིང་བསྟོད་པ། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས། རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ།  སློབ་དཔོན་ཐུགས་རྗེ་ཅན་གྱི་ཐུགས་དམ་གནད་སྐུལ། བོད་སྐྱོང་ལྷ་སྲུང་གི་འཕྲིན་སྐུལ། རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཡིན། གསུང་བྱ་དེ་དག་ནི་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་ནད་མུག་འཁྲུག་རྩོད་སོགས་ཉེ་བར་ཞི་བ་ནས་འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་དཔལ་ལ་དུས་རྟག་ཏུ་སྤྱོད་པ། བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བ། བསྟན་འཛིན་གྱི་སྐྱེ་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་སོགས་ཀྱི་ཆེད་དུ་གསུངས་པའི་ཞལ་འདོན་གྱི་གྲངས་ནི།  བཟང་སྤྱོད་ཚར།༦༤༠༠༠༠ཤེར་སྙིང་ཚར།༡༦༠༠༠༠༠ལྟུང་བཤགས་ཚར།༦༨༠༠༠༠མཚན་བརྗོད་ཚར།༡༩༢༠༠༠རྟེན་འབྲེལ་བསྟོད་པ་ཚར།༦༥༠༠༠རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཚར།༢༥༦༠༠རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ།༢༥༦༠༠སོགས་ཚར་འགྲོ་གནད་སྨིན་གསུངས་ཡོད།  




གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་བཅོ་ལྔ་པའི་སྐབས་སུ་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསླབ་བྱ་ལམ་སྟོན་ཇི་ལྟར་གནང་ཚུལ་གྱི་སྐོར་གཤམ་གསལ།



ཉིན་དང་པོའི་འཚོགས་ཐེངས་གཉིས་པར་འདུས་མང་ལ་བཀའ་སློབ་གནང་མཁན།

 བཙུན་མའི་མཁན་ཟུར་བསོད་ནམས་གྲགས་པ། བརྗོད་གཞི། འདུལ་ཁྲིམས་ཀྱི་སྐོར།



འཚོགས་ཐེངས་གསུམ་པར་འདུས་མང་ལ་བཀའ་སློབ་གནང་མཁན།

དགོན་པ་ཁྲི་རིན་པོ་ཆེ་ཐུབ་བསྟན་དར་རྒྱས།




ཉིན་གཉིས་པའི་འཚོགས་ཐེངས་གཉིས་པར་འདུས་མང་ལ་བཀའ་སློབ་གནང་མཁན། 

རྫ་རྫོགས་ཆེན་དགོན་མཁན་ནོར་བཟང་། བརྗོད་གཞི། བོད་མི་ཞིག་ལ་མེད་དུ་མི་རུང་པའི་རྩ་བའི་ཆ་རྐྱེན་གཉིས།





ཉིན་གསུམ་པའི་འཚོགས་ཐེངས་གཉིས་པར་འདུས་མང་ལ་བཀའ་སློབ་གནང་མཁན། 

སེར་ཤུལ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་སེར་བྱེས་ལྷ་རམས་པ་འཇིགས་མེད་འོད་ཟེར། 

བརྗོད་གཞི། དགོན་པའི་འགན་ཁུར་དང་གྲྭ་བའི་ཁ་ཕྱོགས།




འཚོགས་ཐེངས་གསུམ་པར་འདུས་མང་ལ་བཀའ་སློབ་གནང་མཁན།

ཁྲི་ལས་འཛིན་པ་སེར་བྱེས་དགེ་བཤེས་དཀོན་མཆོག་ཐོས་བསམ། 

བརྗོད་གཞི། འགན་ཁུར་མེད་པའི་རྐྱེན་གྱིས་སྤྱི་སྒེར་ལ་གྱོང་གུད་བྱུང་ཡོད་པ།



ཉིན་བཞི་བའི་འཚོགས་ཐེངས་གཉིས་པར་འདུས་མང་ལ་བཀའ་སློབ་གནང་མཁན། 

སེར་ཤུལ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་སེར་ཤུལ་ལྷ་རམས་པ་དོན་དགའ། 

བརྗོད་གཞི། སྐྱ་སེར་སུ་ཡིན་ཡང་རིག་གནས་སློབ་པ་གལ་ཆེ་ཚུལ།



འཚོགས་ཐེངས་གསུམ་པར་འདུས་མང་ལ་བཀའ་སློབ་གནང་མཁན།

དགེ་གོང་མཁན་པད་ཚེ།

 བརྗོད་གཞི། བན་སེར་མོ་བའི་མདུན་ལམ།



ཉིན་ལྔ་བའི་འཚོགས་ཐེངས་གཉིས་པར་འདུས་མང་ལ་བཀའ་སློབ་གནང་མཁན།

 བླ་མའི་སྐུ་ཞབས་ཐུབ་བསྟན་རྨད་བྱུང་།

 བརྗོད་གཞི། མཐུན་སྒྲིལ་ནི་ལྷ་ཆོས་དང་མི་ཆོས་གཉིས་ཀྱི་རྩ་བ་ཡིན།



འཚོགས་ཐེངས་གསུམ་པར་འདུས་མང་ལ་བཀའ་སློབ་གནང་མཁན།

ཨ་རིགས་འབྲུག་གྲགས་རིན་པོ་ཆེ། 



ཉིན་དྲུག་པའི་འཚོགས་ཐེངས་གཉིས་པར་འདུས་མང་ལ་སྤུག་བླ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་མཆོག་ནས་བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མའི་རྗེས་གནང་ཟབ་མོ་བསྩལ། 



འཚོགས་ཐེངས་གསུམ་པར་འདུས་མང་ལ་བཀའ་སློབ་གནང་མཁན།

༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ། 

བརྗོད་གཞི། ཆོས་བརྒྱུད་དང་ལུང་ཚན་མཐུན་སྒྲིལ་བྱེད་དགོས་ཚུལ།


 ཉིན་བདུན་པའི་མཛད་རིམ།



༢༠༡༨ཟླ་༩ཚེས་༢༤ ཉིན་སྔ་དྲོ་འཚོགས་ཐེངས་དང་པོ་གྲོལ་བ་དང་ལྷུན་གྲུབ་བདེ་ཆེན་ཕོ་བྲང་གི་འདུན་ཐང་དུ་ཁྲི་ལས་འཛིན་མཆོག་དབུ་བླ་མཛད་ནས་འདུས་མང་དཀྱིལ་དུ་བཞུགས་པ་དང་། དད་ལྡན་མང་ཚོགས་རྣམས་མཐའ་འཁོར་དུ་བཞུགས་ནས་སྐྱབས་ཡུལ་ཚོགས་ཀྱི་ཞིང་ལ་ཁྲུས་གསོལ་དང་། བླ་མ་མཆོད་པའི་ཚོགས་མཆོད་འབུལ་བ་སོགས་བཀའ་དྲིན་གཏང་རག་ལེགས་པར་བྱས། 



དེ་ནས་འཚོགས་ཐེངས་གསུམ་པ་ཉིན་གུང་གི་གསོལ་ཚིགས་འཚོགས། དེ་སྐབས་སྦྱིན་བདག་ཁག་སེར་ཕྲེང་རྒྱུན་ལྡན་ལྟར་བྱས་པ་དང་། ༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་ཚོགས་མགོན་དུ་ཕེབས་ནས་རྒྱ་ཡི་སློབ་མ་རྣམས་ལ་དྲན་རྟེན་ཕུལ་བ། ད་ལམ་གྱི་ཆོས་ཚོགས་འདིར་ཞབས་འདེགས་ཞུ་མཁན་གྱི་རླངས་འཁོར་ཁ་ལོ་པ་རྣམས་ལ་ལེགས་འབུལ་དང་སྐྱབས་ཞུས་སོགས་མཛད། དེ་ནས་ཞལ་འདོན་གྱིས་མཐའ་རྒྱན་ཏེ་འཚོགས་གྲོལ། དེའི་རྗེས་གསོ་སྦྱོང་འཚོགས།



དེ་ནས་ཕྱི་དྲོ་སླར་ཡང་ལྷུན་གྲུབ་བདེ་ཆེན་ཕོ་བྲང་གི་མདུན་ཐང་དུ་མི་མང་དཀྱིལ་དང་འདུས་སྡེ་མཐའ་འཁོར་དུ་འཚོགས་པ་དང་ཚོགས་དབུས་སུ་བཀའ་དྲིན་མཚུངས་མེད་བླ་མ་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་ཚོགས་མགོན་དུ་ཕེབས་ནས་སེམས་བསྐྱེད་འཚོགས། སེམས་བསྐྱེད་གྲུབ་པ་དང་དབུ་མཛད་ཆེན་མོ་ནས་གནས་བཅུ་གསུངས། བརྟན་བཞུགས་མཎྜལ་ཕུལ། དེ་ནས་ཁྲི་ལས་འཛིན་པ་མཆོག་གིས་མཎྜལ་བཤད་པ་ཕུལ། བླ་མས་ཞལ་བཞེས་ཀྱི་གསུང་བཤད་གནང་། མཐར་བཟང་སྤྱོད་དང་སྤྱོད་འཇུག་བསྔོ་བའི་ལེའུ་སོགས་གསུངས་ནས་འཚོགས་གྲོལ། 



དེ་ནས་འཚོགས་ཐེངས་བཞི་བ་དགོངས་ཇ་འཚོགས། ཚོགས་ཐོག་ཏུ་ཁྲི་ལས་འཛིན་པ་མཆོག་གིས་གྲ་སྒྲིག་ཚོགས་པའི་ཚབ་ཞུས་ནས་ཆོས་ཚོགས་འདིར་ཞབས་འདེགས་སྒྲུབ་མཁན་རྣམས་ལ་སྐྱབས་འཇུག་ཞུས་གནང་མཛད། དེ་ནས་གངས་རྒྱན་སྤྱི་ལས་ཁང་དང་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་བླ་བྲང་སོགས་ནས་སྐུ་འབྱེད་དང་དྲན་རྟེན་ཕུལ། འདུས་མང་ནས་བཟང་པོ་སྤྱོད་པའི་མདོ་སོགས་གསུངས་ཏེ་བསྔོ་བ་སྨོན་ལམ་མཛད།



འཚོགས་ཐོག་ཏུ་སྐུ་པར་གདན་ཞུས་མཛད་པ་དང་མར་མེའི་སྨོན་ལམ་འཚོགས་ནས་མཇུག་ལེགས་པར་གྲུབ་པར་མཛད་པ་སོགས་ཐེངས་འདིར་ཞལ་འདོན་དང་བསླབ་བྱ་སློབ་གསོ་བཅས་ཕྱོགས་ཐམས་ཅད་ནས་བསྟན་པའི་མིག་རྒྱན་དུ་འགྲོ་བར་གནང་སོང་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་པའོ། །



རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།

པར་ལེན་པ།  སེར་ཤུལ་བློ་བཟང་།

སྐུ་འབུམ་སྐྱབས།





སྒྲ་ལམ་སློབ་ཚན་ཕབ་ལེན།