སེར་ཤུལ་དགོན་ཐོས་བསམ་གླིང་གིས་ཚོགས་ལངས་འབུལ་བའི་མཛད་སྒོ།

དུས་ཚོད།2018-05-22 18:53ཡོང་ཁུངས།རྩོམ་པ་པོ། སྡེ་ཐུབ་བསྟན་ཚེ་རིང་། རྩོམ་སྒྲིག་པ། adminབཀླགས་གྲངས།846


རྣམ་ཐར་དད་པའི་ཆུ་གཏེར་འཕེལ་བའི་ཟླ་གཞོན་ལས། མགོ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་གསུམ་ལ་ཐོས་བསམ་གྲྭ་ཚང་གི་འཚོགས་དབུར་ཕེབས། གྲྭ་ཚང་དགེ་སྐོས་དང་དབུ་མཛད་ཁྲི་འདོན་བྱས་ཏེ། ཆོས་ཐོག་མཚམས་སོ་སོའི་སྒྲིག་ལམ་རྣམས་སེར་བྱེས་མཁས་སྙན་གྲྭ་ཚང་ལྟར་དུ་གསུང་བཤད་གནང་། ཞེས་པ་བཞིན། ཕྱི་ལོ་༡༨༤༡ཟླ་བཅུ་གཅིག་གམ་མགོ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་གསུམ་ལ་རྨད་བྱུང་ཐོས་བསམ་གྲྭ་ཚང་བཙུགས་པར་མཛད། རྣམ་ཐར་དེ་ཉིད་ལས། ༼ ཤིང་འབྲུག་༡༨༤༤༽སེར་བྱེས་མཁས་མང་གྲྭ་ཚང་གི་སྒྲིག་ལམ་ལྟར་རིགས་ཆུང་ཚོགས་ལངས་དགོས་པའི་བཀའ་ཁྱབ་གནང་། སྔ་ཕྱིའི་འགྲིག་མ་ལེ་ཚན་བཅས་མཁས་པ་མགུ་བའི་ལེགས་བཤད་བླ་ན་མེད་པ་གསར་རྩོམ་མཛད། ཅེས་དང་། ཆོས་གྲྭ་ཆེན་པོ་ཐེག་ཆེན་དར་རྒྱས་གླིང་དུ་སྔ་མར་རིགས་ཆུང་ཚོགས་ལངས་ཀྱི་སྲོལ་མཛད་ཟིན་ཀྱང་༼ མེ་རྟ་༡༨༤༦ ༽འདི་ལོར་རིགས་ཆེན་གསར་འཛུགས་གནང་ཞིང་གཞུང་སོ་སོའི་བཤད་པ་རྣམས་ལྗགས་འགྲིག་གནང་། 



ཞེས་པ་ལྟར། བཀའ་དྲིན་མཚུངས་མེད་སྨན་ཤུལ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོས་ཕྱག་ལེན་རྣམ་ཐར་གཙང་མ་མང་དུ་བཙུགས་པ་ལས་ཚོགས་ལངས་འབུལ་བའི་ཚུལ་ནི། སྔོན་དཔྱིད་ཀའི་བདག་འཇུག་སྐབས་དམ་བཅའི་ཚེ་གཞུང་གསར་འཛིན་གྲྭ་ནས་དབུ་མ་འཛིན་གྲྭའི་བར་འཛིན་གྲྭ་དཀྲུགས་ཏེ་བློ་ཁ་མཐོ་དམན་ལ་མཁན་པོ་དང་དགེ་སྐོས་ཀྱིས་བརྟག་དཔྱད་མཛད་ནས་ཚོགས་ལངས་འབུལ་བ་ཡིན་ལ། དེང་སང་མཐོ་རིམ་སློབ་གླིང་གི་ལོ་རྒྱུགས་ཨང་གྲངས་ལ་བརྟགས་ནས་འབུལ་གནང་མཛད། བོད་ཟླ་༤ཚེས་༢ཉིན་སྒྲོལ་མ་ལྷ་ཁང་ལ་གྲྭ་ཚང་ལྷ་གཡོག་གིས་དཀར་རྩི་བྱུགས་སྒེའུ་ཡོལ་ཤམ་བུ་གསོལ། ཚེས་༣ཉིན་ཚོགས་ཆེན་ལྷ་གཉེར་ལྷ་གཡོག་དག་གིས་གྲྭ་ཚང་དགེ་སྐོས་ཀྱིས་གདན་ཆ་དང་དཀར་ཐིག་བརྒྱབ། ཐབ་ཚང་ནང་མས་དགེ་སྐོས་ཀྱི་མདུན་ཅོག་སྟེང་དུ་ཕྱེ་མར་གཞག་པ་དང་ཇ་འདྲེན་པ་བསང་དུད་གཏོང་བ་སོགས་དུས་ལྟར་བྱེད།



 སྤྲུལ་སྐུ་ཞིག་ལ་ཚོགས་ལངས་འབུལ་ན་ཟླ་༤ཚེས་༢ཉིན་དགེ་སྐོས་ཀྱིས་ཕོ་ཉ་བཏང་།བླ་བྲང་ཉིད་ཀྱིས་གདན་ཁྲི་ཕྱེ་མར་བཞེས་གྲོ་རྣམས་ལེགས་པར་བཤམས། དཀར་ཐིག་བརྒྱབ། ཚེས་༣ཉིན་མང་ཇའི་ཤུལ་ནས་དགེ་སྐོས་བླ་བྲང་དུ་སྤྱན་དྲངས་ཏེ་ཚོགས་ལངས་དེ་ག་ནས་འབུལ། མང་ཇ་མ་གྲོལ་སྔོན་དུ་སྐུ་ཞབས་མཁན་རིན་པོ་ཆེས་གྲྭ་ཚང་ཆོས་རའི་ནང་དུ་ཁྲི་ཕྱག་གསུམ་འཚལ་ཏེ་གདན་ཁར་བཞུགས་པ་དང་དགེ་སྐོས་ཀྱི་དབུ་ཞྭ་དང་ཟླ་གམ་སྒྲོལ་མ་ལྷ་ཁང་ལ་བསྐྱལ། མང་ཇ་གྲོལ་འཕྲལ་དུ་དགེ་འདུན་མང་མ་ཐུགས་གྲོས་ལ་རྒྱང་རིང་དུ་ཕེབས་ནས་མཛོད་པའི་འཛིན་གྲྭས་ཆོས་གོས་མནབས་ཏེ་མཁན་པོའི་མདུན་དུ་འཁོད། དགེ་འདུན་པ་གཞན་རྣམས་རང་རང་སོ་སོའི་འཛིན་གྲྭའི་ས་ཆར་ཕེབས་ནས་གྲྭ་བ་གཉིས་རེ་གཉིས་རེ་མདུན་རྒྱབ་བྱས་ཤིང་ཞལ་ཤར་དུ་ཕྱོགས་ནས་བཞུགས། འདུལ་བ་འཛིན་གྲྭ་བཞུགས་སྐབས་ལའང་ཆོས་གོས་མནབས་དགོས། གྲྭ་ཚང་དགེ་སྐོས་ཀྱིས་དབུ་ཞྭ་བཞེས་པ་དང་དགེ་འདུན་མང་མས་ཀྱང་དབུ་ཞྭ་མནབས། མཁར་རྡུང་པས་མཁར་རྔ་མྱུར་དུ་བརྡུངས་ཏེ་མཁར་ཐག་བཅད་པ་དང་མཁན་པོས་བརྩི་བཞག་གི་དབུ་བསྐུལ་བ། དགེ་སྐོས་ཀྱིས་དབུ་ཞྭ་ཕུད་པ། དགེ་འདུན་མང་མ་ལས་མདུན་དུ་བཞུགས་པ་རྣམས་བཞེངས་ཏེ་དྷཱི་སྐད་གཏོང་བ་དུས་མཚུངས་བྱེད། འདི་ལ་སྐུ་བཞི་གཅིག་ཆར་དུ་འགྲུབ་པའི་གནད་ཡོད་པར་གསུངས། དགེ་འདུན་པ་རྣམས་ཀྱིས་ཟླ་བུ་གཉིས་ཆ་འཛུགས།  གཞུང་གསར་བ་ཡན་ཆད་དགེ་སྐོས་ཀྱིས་ཕྱག་ལྕག་བརྡབས་སྟེ་ཕེབས་ཚོད་འཛིན་དེ་རྗེས་ཟླ་གམ་ཁྲི་ཐོག་ཏུ་བཞག  རུང་ཁང་ནང་དུ་བྱོན་ཏེ་གྲྭ་ཇ་བཤར། དགེ་སྐོས་ཀྱི་སྐུ་གཟན་མ་ཆེན་ལགས་ཀྱིས་བླ་མ་རྒྱུན་གཟན་བྱས། 



དགེ་སྐོས་འཛིན་གྲྭ་སོ་སོར་གཟིགས་ཞིབ་ལ་ཕེབས། བསྡུས་གྲྭ་ཁག་གསུམ་རང་རང་གི་སྐྱོར་དཔོན་གྱིས་ཕེབས་ཚོད་འཛིན། སྤྲུལ་བའི་སྐུ་དག་རང་རང་གི་འཛིན་གྲྭའི་སྔོན་དུ་ཕེབས་ཀྱང་ཆོག བརྩི་བཞག་གསན་ཚུལ་ནི་འཛིན་གྲྭ་རྣམས་ཀྱིས་ཕྱགས་ལྷམ་རང་རང་གི་ས་ཆ་ནས་བསིལ། མཁན་པོའི་མདུན་དུ་བྱོན་ནས་ཕྱག་གསུམ་འཚལ་ཏེ་སྔར་གནང་བའི་བརྩི་བཞག་རྗེས་མ་དེ་སྐྱོར་དཔོན་ཞིག་གིས་ཡར་སྐྱོར་ཚར་བ་དང་མཁན་པོས་བརྩི་བཞག་ཐུགས་ཐོག་ནས་འཛིན་གྲྭ་གོང་མ་རྣམས་སུ་ཚར་གཅིག་དང་བསྡུས་གྲྭ་ཁག་གསུམ་ལ་ཚར་གསུམ་གྱིས་གནང་། དེ་ཉིན་སྐྱོར་དཔོན་ཞིག་གིས་བློ་རྒྱུགས་ལེགས་པར་སྤྲད། མཁན་པོས་ཕྱག་བརྡ་གནང་བ་ན་ཀུན་གྱིས་ཕྱག་གསུམ་འཚལ་ནས་ཕྱིར་ཕེབས། དེ་ཡང་ཡར་ཕེབས་པའི་སྐབས་སུ་སྐོམ་པས་ཆུ་དོན་དུ་གཉེར་བ་ལྟ་བུའི་རྐང་བ་སུ་མགྱོགས་ཀྱི་སྒོ་ནས་ཕེབས་པ་དང་། མར་ཕེབས་པའི་སྐབས་སུ་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ལ་ཐུགས་བསམ་བཞེས་བཞིན་པའི་ངང་ནས་དལ་བུའི་ཚུལ་དུ་རང་རང་གི་འཛིན་གྲྭར་ཕེབས་ནས་ཟླ་གམ་གྱོན་དབུ་ཞྭ་ཕྲག་ལ་བཀལ་ཏེ་བསྐོར་འཚོགས་བྱས་ཤིང་སྐྱོར་དཔོན་གཅིག་པུས་བརྩི་བཞག་ཚར་གཅིག་མགྱོགས་པར་གསུངས། འཛིན་གྲྭ་འོག་མ་བཞུགས་ཟིན་པ་ན་སྐྱོར་དཔོན་གྱིས་དབུ་བསྐུལ་ཏེ་ཀུན་གྱིས་བརྩི་བཞག་དལ་བུའི་སྒོ་ནས་ལན་གསུམ་སྐྱོར། འདུལ་བ་འཛིན་གྲྭས་བདེ་འདུལ་མཆོད་བརྗོད། དབུ་མ་འཛིན་གྲྭས་དབུ་མའི་སྤྱི་དོན་མཆོད་བརྗོད། ཟུར་བཀོད་འཛིན་གྲྭས་དྲང་ངེས་སྤྱི་དོན་མཆོད་བརྗོད། གཞུང་རྙིང་འཛིན་གྲྭས་རྣམ་འགྲེལ་བློ་གསལ་མགུལ་རྒྱན་གྱི་མཆོད་བརྗོད་སྐྱོར་དགོས་པ་སྔར་རྒྱུན་བཞིན་ཡིན། འཛིན་གྲྭ་འོག་མ་འོག་མས་བརྩི་བཞག་སྐྱོར་ཚར་བ་དང་འཛིན་གྲྭ་གོང་མ་གོང་མས་རིམ་པ་བཞིན་དུ་དམ་བཅའ་འཛུགས། 



མཁན་རིན་པོ་ཆེས་བརྩི་བཞག་གནང་ཟིན་རྗེས་འཛིན་གྲྭ་སོ་སོར་གཟིགས་ཞིབ་གནང་ནས་སྒྲོལ་མ་ལྷ་ཁང་ལ་མཇལ་ཁ་ཞུས།  བཤད་སྒྲུབ་ཀྱི་འཆད་ཉན་དར་རྒྱས་ཡུན་གནས་འོང་བའི་ཐུགས་བསྐྱེད་གནད་སྨིན་མཛད་དེ་སྒྲོལ་མ་ལྷ་ཁང་གཡས་བསྐོར་བགྱིས་ནས་བླ་བྲང་དུ་ཕེབས། འདིའི་སྒྲོལ་མའི་རྡོ་སྐུའི་ཐིག་ཚད་དང་ཚོན་མདངས་ནི་སྔོན་གྱི་སེ་ར་བྱེས་ཀྱི་སྒྲོལ་མ་ལྷ་ཁང་གི་སྒྲོལ་མའི་རྡོ་སྐུ་དང་སྒོ་ཀུན་ནས་བསྟུན་ཡོད་པ་དང་ལྗིད་ཚད་ལ་རྒྱ་མ་ཉེར་གཅིག་ཡོད་པ་ནི་སྒྲོལ་མ་ཉེར་གཅིག་མཚོན་ཞིང་གསུང་བྱོན་མར་གྲགས། མཁན་པོ་ཆོས་རའི་ནང་དུ་ཕེབས་སྐབས་དགེ་འདུན་མང་མས་ཞྭ་སྐྱོར་ཕབས་པ་དང་ཆོས་རའི་ཕྱི་རུ་ཕེབས་དུས་དམ་བཅའ་པ་རྣམས་ཀྱིས་དབུ་ཞྭ་བཞེས། དགེ་སྐོས་སྒྲོལ་མ་ལྷ་ཁང་གི་མདུན་གྱི་ཁྲི་ཐོག་ཏུ་བཞུགས་ཤིང་གྲྭ་ཚང་ཆབ་རིལ་གྱིས་གྲྭ་བ་གཉིས་རེ་གཉིས་རེར་བྱོན་བརྡ་བཏང་། གྲྭ་བ་རྣམས་ཀྱིས་གཟན་སྐྱོར་ཕབས་ཏེ་རང་རང་གི་འཛིན་གྲྭའི་གཡོན་གྱི་དཀར་ཐིག་བརྒྱུད་དེ་དགེ་སྐོས་ཀྱི་མདུན་དུ་ཕེབས་ནས་གུས་འདུད་ཞུས། དགེ་སྐོས་ཀྱིས་སྔ་རྒོལ་ཕྱི་རྒོལ་བབ་བལྟའི་སྒོ་ནས་རིགས་ཆུང་སྔ་གཞུང་ཆོས་འཁོར། ཕྱི་གཞུང་རིགས། སྔ་གཞུང་བྱམས་གཞུང་། ཕྱི་གཞུང་ཡང་དག་མཐའ། སྔ་གཞུང་སྐྱབས་གསུམ། ཕྱི་གཞུང་སྦྱོར་ལམ། སྔ་གཞུང་བཀའ་བསྟན་བཅོས། ཕྱི་གཞུང་སེམས་བསྐྱེད་རྣམས་དང་། རིགས་ཆེན་ལ་སྔ་གཞུང་དྲང་ངེས། ཕྱི་གཞུང་ལ་དགེ་འདུན་ཉི་ཤུ། བསམ་གཟུགས། རྟེན་འབྲེལ་གང་རུང་། སྔ་གཞུང་རྣམ་འགྲེལ། ཕྱི་གཞུང་ལ་ཐེག་གསུམ་རྣམ་བཞག སྐབས་གསུམ་པ། བཞི་པ། མཐོང་ལམ། སྐབས་བརྒྱད་པ་གང་རུང་། སྔ་གཞུང་འདུལ་བའི་གནས་བླ་མ། དུས་ཚིགས། གཞི་སྨད་གང་རུང་། ཕྱི་གཞུང་ལ་མཛོད་ཀྱི་གནས་དང་པོ། གཉིས་པ། བཞི་བ། ལྔ་བ། བདུན་པ་གང་རུང་། སྔ་གཞུང་དབུ་མ་ཐལ་བཟློག དབུ་མ་བདེན་གཉིས། དབུ་མ་རིང་སོང་གང་རུང་། ཕྱི་གཞུང་ལ་དབུ་མ་སེམས་བསྐྱེད་གསུམ་པ། དབུ་མ་ཆུ་འབེབ།བུ་མ་སྙིང་རྗེ་གང་རུང་བཅས་རིམ་བཞིན་ཕུལ་བ་ན་སྔ་རྒོལ་སྔོན་མ་དང་ཕྱི་རྒོལ་རྗེས་མ་བྱས་ཏེ་རྒྱལ་ཡུམ་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་ཀྱིན་སྒྲོལ་མ་ལྷ་ཁང་བསང་ཁྲི་བཅས་གཡས་བསྐོར་བྱས་ནས་དཀར་ཐིག་བརྒྱུད་རང་རང་གི་འཛིན་གྲྭར་ཕེབས། ཚོགས་ལངས་སྦྱིན་ཡུལ་གྱི་འཛིན་གྲྭ་གཞུང་གསར། གཞུང་རྙིང་། ཟུར་བཀོལ། ཕར་ཕྱིན། དབུ་མ། འདུལ་བ། མཛོད་པའི་འཛིན་གྲྭ་བཅས་སྣང་ལ། གཞུང་གསར་གྱི་གཞུང་རྣམས་རིགས་ཆུང་དང་གཞན་རིགས་ཆེན་གྱི་གཞུང་ཡིན། ཚོགས་ལངས་འབུལ་ཚར་བ་དང་དགེ་སྐོས་ཀྱིས་ཟླ་གམ་ཕུད་དེ་གཞུང་རྙིང་འཛིན་གྲྭའི་ཐད་སོ་ཡས་མས་ནས་མཛོད་པའི་འཛིན་གྲྭ་ལ་ཕྱག་བརྡ་ཕབས། དགེ་འདུན་པ་རྣམས་ཀྱིས་དམ་བཅའ་མ་ཆད་པར་མཛད་ནས་སྒོ་བཞེང་ལ་མགྱོགས་པོར་བྱོན། གང་མཚམས་ཤིག་ནས་ཆབ་རིལ་གྱིས་ཆབ་བུམ་བསྟན་པ་དང་མཉམ་དུ་དགེ་སྐོས་ཀྱིས་ཟླ་གམ་བཞེས་དབུ་ཞྭ་ཕྲག་ལ་བཀལ་ཏེ་ཕེབས་ཤིང་དབུ་མའི་འཛིན་གྲྭའི་ཐད་སོ་ནས་བླ་མ་སྤྲུལ་བའི་སྐུ་ཆེ་ཁག་རྣམས་དང་མཛོད་པའི་འཛིན་གྲྭ་ལ་ཞྭ་སྐྱོར་ཕབས། ཛོད་པའི་འཛིན་གྲྭས་དབུ་ཞྭ་བཞེས་ཏེ་དམིགས་བརྩེ་མ་གསུངས་ནས་འདུ་ཁང་ནང་དུ་ཕེབས། གྲྭ་ཇ་འཚོགས་ཚུལ་ཡོངས་གྲགས་ལྟར་ཡིན་ལ་དེ་སྐབས་ཚོགས་ལངས་པ་རྣམས་ཀྱིས་རིགས་ཆེ་ཆུང་གི་བཤད་འགྲིག་གི་མཚོན་པའི་རྣམ་དཀར་ཆོས་ལྡན་གྱི་བྱ་བ་ཐམས་ཅད་གེགས་མེད་ལམ་འགྲོ་མཐར་ཕྱིན་འོང་བའི་སྐུ་རིམ་དང་འཕྲིན་བཅོལ་ཞུ། དགེ་སྐོས་ཀྱིས་ཚོགས་ལངས་སྐོར་གྱི་སྒྲིག་ལམ་སོགས་ཚོགས་གཏམ་གནང་། ཉིན་དེར་ཚོགས་ལངས་པ་རྣམས་ཀྱིས་ཁམས་ཚན་ལྔ་ཀའི་དགེ་གཉེར་གང་རུང་ལྔ་ལ་དབྱར་ཆོས་ཆེན་མོའི་སྐབས་སུ་ཁམས་ཚན་རིན་པོ་ཆེ་ལ་བློ་བསྐྱེད་ཞུ་སར་འོང་ཆོག་པ་དགོངས་པ་ཐུགས་རྗེས་འཛིན་པར་ཞུ། ཞེས་ཞུ་བ་དང་། དཔེ་ཁྲིད་ཞུ་ནའང་ཉིན་དེར་ཞུ་ཐུབ་ངེས་མཛད། ཉིན་དེའི་རིང་ཆོས་གྲོགས་སོ་སོས་ཐུགས་སྨོན་དང་བཅས་ཁབ་རྩེ་གྱེན་དུ་བསྟན་ན་ཤེས་རབ་འཕེལ་ཞེས་གསུངས་ཏེ་ཚོགས་ལངས་པ་རྣམས་ལ་འབུལ་སྲོལ་ཡོད། ཚོགས་ལངས་ཀྱི་སྦྱོར་དངོས་མཇུག་གསུམ་གྱི་མཛད་སྒོ་ཐམས་ཅད་མ་འཕྱུགས་པར་བྱས་ན་རིགས་སད་པ་དང་ཀློང་རྡོལ་བ་མང་དུ་ཡོད་པ་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན་པར་མཁས་པའི་ཞལ་རྒྱུན་ལས་བྱུང་། 

རིགས་ཆེ་ཆུང་གི་ཚོགས་ལངས་ཐོབ་པའི་དགེ་འདུན་པ་རྣམས་ཀྱི་འདྲ་པར།



རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།  

པར་ལེན་པ།  སྐུ་འབུམ་སྐྱབས།





སྒྲ་ལམ་སློབ་ཚན་ཕབ་ལེན།