ལོའི་སེར་ཤུལ་དགོན་གྱི་དཔྱིད་ཀའི་བདག་འཇུག

དུས་ཚོད།2018-05-22 11:49ཡོང་ཁུངས།རྩོམ་པ་པོ། སྡེ་ཐུབ་བསྟན་ཚེ་རིང་། རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


 


སྒྲིག་ཡིག་ལམ་སྒྲོན་ཆེན་མོ་ལས། དགེ་འདུན་གྱི་སྡེ་ཆེར་འཕེལ། གསང་འཇིགས་གཉིས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དང་། གཞི་གསུམ་སོགས་འཛུགས་པར་མཛད། ཅེས་པ་བཞིན། བཀའ་བཅུ་རྗེ་བཙུན་བློ་བཟང་ཆོས་དར་གྱིས་སེར་དགོན་ཕྱག་བཏབ་སྟེ་གསང་འདུས་དང་འཇིགས་བྱེད་གཉིས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དང་། གཞི་གསུམ་གྱི་ཕྱག་ལེན་སོགས་ཐོག་མར་འཛུགས་གནང་མཛད།



རྣམ་ཐར་དད་པའི་ཆུ་གཏེར་འཕེལ་བའི་ཟླ་གཞོན་ལས། ཚེས་ལྔ་ལ་རྒྱུད་པ་གྲྭ་ཚང་གི་འཚོགས་དབུར་ཕེབས་ནས་སྒྲིག་ལམ་ཐམས་ཅད་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་མཐུན་པར་དགོས་ཚུལ་གྱི་གསུང་བཤད་གནང་། ཞེས་པ་ལྟར། བཀའ་དྲིན་མཚུངས་ཟླ་མ་མཆིས་པ་སྨན་ཤུལ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོས། ཕྱི་ལོ་༡༨༤༡ལྕགས་གླང་བོད་ཟླ་༡༡ཚེས་༥ལ་སེར་ཤུལ་རྒྱུད་པ་གྲྭ་ཚང་གསར་འཛུགས་མཛད་དེ་སྒྲིག་ལམ་ཐམས་ཅད་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་མཐུན་པར་དགོས་ཚུལ་གྱི་བཀའ་ཁྱབ་ཟབ་མོ་གནང་།



རྣམ་ཐར་དེ་ཉིད་ལས། ཐུན་མོངས་མ་ཡིན་པའི་སྐོར་རྣམས་ཕྱིས་སུ་རིག་འཛིན་སྡེ་སྣོད་སྨྲ་བའི་དབང་པོ་སྔགས་རམས་པ་བློ་བཟང་བཟོད་པ་ཞེས་བྱ་བ་ཆེད་དུ་གདན་དྲངས་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྒྲིག་ལམ་དང་ཕྱོགས་མཐུན་པར་གསར་འཛུགས་མཛད། ཅེས་པ་བཞིན།



སྔགས་རམས་པ་ཧོར་བློ་བཟང་བཟོད་པས་སེར་ཤུལ་དཔལ་ལྡན་རྒྱུད་པ་གྲྭ་ཚང་གི་ཕྱག་ལེན་ཆེ་ཕྲ་མཐའ་དག་དབུས་ཀྱི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྒྲིག་ལམ་དང་ཕྱོགས་ཀུན་ནས་མཐུན་པར་མཛད་པ་ལས་དཔྱིད་ཀའི་བདག་འཇུག་འཚོགས་པའི་དུས་ནི། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བསྟན། །མཆོད་རྟེན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་གསུངས་པ། ། ཞེས་དང་། འགྲེལ་ཆེན་དྲི་མེད་འོད་ལས། ནག་པ་ཟླ་བའི་ཉ་ལ་ཤྲཱི་དྷཱ་ན་ཀ་ཊ་ཀར་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་གསུངས། ཞེས་པ་ལྟར། ཤེར་ཕྱིན་དང་གསང་སྔགས་ཀྱི་མདོ་སྡེ་གསུངས་པའི་དུས་ཆེན་ནག་པ་ཟླ་བའི་ཚེས་བཅོ་ལྔར་ཡིན་ལ། ཉིན་འདི་ཡས་མས་དུས་ཚིགས་གསོ་སྦྱོང་ཡང་ཁེལ་ཡོད་སྟབས། སོར་བྱང་སྔགས་གསུམ་གྱི་རྩ་ལྟུང་ཐམས་ཅད་རྣམ་པར་དག་པའི་བདག་ཉིད་དུ་འགྱུར་བའི་དགོས་པའང་ཡོད་པར་ཞལ་རྒྱུན་ལས་བྱུང་།



དཔལ་གསང་བ་འདུས་པ་དང་རྡོ་རྗེ་འཇིགས་བྱེད་ཀྱི་བདག་འཇུག་གཉིས་ལོ་རེ་རེ་བཞིན་རེས་མོས་བྱས་ཏེ་བདག་མདུན་བུམ་གསུམ་དབང་དང་བཅས་པ་གསུངས་ནས་ཉིན་བདུན་གྱི་རིང་ལ་ཞིབ་འཚོགས་མཛད། ཉིན་དང་པོ་གསུམ་ལ་བདག་འཇུག་རྐྱང་བ་རྒྱུད་དང་འདྲེས་ངེས་མཛད། ཉིན་བཞི་བ་ལ་རབ་གནས་སྟ་གོན། ཉིན་ལྔ་བ་ལ་རབ་གནས་དགེ་ལེགས་ཆར་འབེབ་ཀྱི་དངོས་གཞི།



ཉིན་དྲུག་པ་ལ་ཚེ་བསོད་དཔལ་འབྱོར་གཟི་བརྗིད་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་བསླབ་པ་གསུམ་གྱི་ཡོན་ཏན་ཐམས་ཅད་རྒྱས་པའི་ཆེད་དུ་རབ་གནས་ཀྱི་ལྷ་ལ་རྒྱས་པའི་སྦྱིན་བསྲེག་ཕུལ།



ཉིན་བདུན་པ་ལ་ནད་གདོན་བར་ཆད་སྡིག་སྒྲིབ་ལྟུང་བ་སོགས་ཞི་བའི་ཆེད་དུ་ཞི་བའི་སྦྱིན་བསྲེག་ཕུལ། ཉིན་དེར་སེར་དཔོན། གཞུང་གཉེར། བདག་འཇུག་སྤྱི་བ་སོགས་ལ་ཡོན་བདག་བགོ་བའང་མཛད།



ཆར་ཆུ་དུས་འབབ་ལོ་ཕྱུགས་རྟག་ལེགས་ཡོང་བའི་ཆེད་དུ་ཀླུ་ས་སྟེང་དུ་འོང་བའི་དུས་ཆེན་ཁྱད་པར་བ་ནག་པ་ཟླ་བའི་ཉེར་གཉིས་ལ་ཀླུའི་དད་རྟེན་དུ་རྡུལ་མཚོན་སོགས་ཆུར་བཅུག་པ་འམ་ཀླུ་གཏད་ཟིན་པ་དང་དཔྱིད་ཀའི་བདག་འཇུག་ཡོངས་སུ་མཇུག་གྲོལ་བ་ལགས་སོ།།  


རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས། 

པར་ལེན་པ།  ཕོལ་བ། 





སྒྲ་ལམ་སློབ་ཚན་ཕབ་ལེན།