བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་གསར་འགྱུར།

དུས་ཚོད།2018-05-01 10:46ཡོང་ཁུངས།རྩོམ་པ་པོ། མེ་སྲས། རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

 


དེ་རིང་སྟེ་སྤྱི་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་གཉིས་པ་དང་བསྟུན་ནས་སེར་ཤུལ་དགོན་རིག་པའི་དགའ་ཚལ་དང་སེར་ཤུལ་ལས་གཉེར་སློབ་གྲྭ་གཉིས་ཀྱིས་མཉམ་སྒྲུབ་ཀྱིས་ཡིག་གཟུགས་འགྲན་བསྡུར་བྱས་ཏེ་སློབ་མ་ཉེར་དྲུག་ལ་ཡིག་གཟུགས་གང་མོས་ཀྱི་སྒོ་ནས་ས་སྐྱ་ལེགས་བཤད་ཀྱི་ཤོ་ལོ་ཀ་རེ་འབྲི་རུ་བཅུག



སེར་ཤུལ་དགོན་པའི་ཁྲི་ལས་འཛིན་པ་དཀོན་མཆོག་ཐོས་བསམ་མཆོག་དང་། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་འགོ་ཁྲིད་རྒན་རྩེ་རྩེ་མཆོག  གཞན་ཡང་སེར་ཤུལ་དགོན་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་གི་མཁན་བཀྲ་ཤིས་བསོད་ནམས་མཆོག  སེར་ཤུལ་དགོན་སྨན་པ་གྲྭ་ཚང་གི་མཁན་ཐུབ་བསྟན་དཔལ་འབྱོར་མཆོག་ད་དུང་སེར་ཤུལ་དགོན་རིག་པའི་དགའ་ཚལ་གྱི་སློབ་གཙོ་རྒན་འབྲོག་རུ་ཚུལ་ཁྲིམས།  ཡིག་གཟུགས་དགེ་རྒན་བསྟན་པའི་རྒྱལ་མཚན། ཐོས་བསམ་གླིང་གྲྭ་ཚང་གི་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་ཆོས་དཔལ་རྒྱ་མཚོ། སེར་ཤུལ་ལས་གཉེར་སློབ་གྲྭའི་སློབ་གཙོ་རྒན་སྨིན་གྲོལ་གཙོ་བྱས་པའི་དགེ་རྒན་ཡོངས་ཐེངས་འདིའི་བྱ་འགུལ་དངོས་ལ་ཞུགས།



བྱ་འགུལ་དངོས་ལ་མ་སླེབས་པའི་སྔོན་དུ་སེར་ཤུལ་ལས་གཉེར་སློབ་གྲྭའི་རྒྱང་སྒྲོག་ཁང་གི་སློབ་མ་རྡོ་རྗེ་བཀྲ་ཤིས་སམ་རྒྱ་སེ་ནག་པོ་དང་སློབ་མ་བསོད་ནམས་མཚོ་མོ་གཉིས་ཀྱིས་མདོ་འཛིན་བྱས་ཤིང་སེར་ཤུལ་ལས་གཉེར་སློབ་གྲྭའི་སློབ་དོན་ཁང་གི་འགོ་བ་རྒན་དབལ་ཤུལ་ཨོམ་ཆོས་མཆོག་གིས་ཐེངས་འདིའི་བྱ་འགུལ་གྱི་དགོས་མཁོ་དང་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་མཚོན་དོན་རྟགས་མ་འགྲེལ་བཤད་གནང་ཞིང་།



བརྡ་འཕྲིན་དུས་རབས་ཀྱི་སྐབས་འདིར་ང་ཚོ་ལ་ཁ་ཚ་དགོས་གཏུགས་ཀྱི་དགོས་པའི་སོར་མོའི་ཁམས་ཀྱི་སྒྱུ་རྩལ་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བྱ་བར་རེ་བ་དང་སྐུལ་མ་མང་ཙམ་ཞུས།



དེ་ནས་ཆུ་ཚོད་གཅིག་གི་རིང་ལ་སེར་ཤུལ་རིག་པའི་དགའ་ཚལ་གྱི་སློབ་མ་བཅུ་གསུམ་དང་སེར་ཤུལ་ལས་གཉེར་སློབ་གྲྭའི་སློབ་མ་བཅུ་གསུམ་བཅས་ཁྱོན་བསྡོམས་སློབ་མ་ཉེར་དྲུག་འགྲན་བསྡུར་གྱི་ཡུལ་དངོས་ལ་ཞུགས། 




ཞིབ་ཚགས་དང་གཟབ་ནན་གྱི་སྒོ་ནས་ཨང་དང་པོ་གཅིག་དང་། གཉིས་པ་གཉིས། གསུམ་པ་གསུམ། རྟིང་སྐུལ་བྱ་དགའ་གཅིག་བཅས་ཁྱོན་མི་བདུན་བདམས་ཐོན་བྱུང་།དེའི་རྗེས་མཁན་ཐུབ་བསྟན་དཔལ་འབྱོར་དང་རྒན་རྩེ་རྩེ་དགེ་རྒན་ཆོས་དཔལ་རྒྱ་མཚོ་གསུམ་གྱིས་དཔྱད་འདེམས་བྱས་ཤིང་



གོ་རིམ་བཞིན་དཀར་མཛེས་ཁུལ་ཡིག་གཟུགས་ཐུན་ཚོགས་ཀྱི་འགོ་ཁྲིད་རྒན་རྩེ་རྩེ་ལགས་ཀྱིས་སློབ་གྲྭའི་གནས་བབས་དང་ཐེངས་འདིའི་བྱ་འགུལ་སྐོར་གྱི་གསུང་གླེང་གལ་ཆེན་གནང་།



དེ་ལྟར་ཨང་དང་པོ་དང་། གཉིས་པ། གསུམ་པ། རྟིང་སྐུལ་བྱ་དགའ་ཐོབ་པའི་སློབ་མ་རྣམས་ལ་བྱ་དགའ་གནང་ཞིང་སེར་ཤུལ་ལས་གཉེར་སློབ་གྲྭའི་སློབ་མ་རྟ་མགྲིན་ཚེ་རིང་དང་ཚེ་རིང་གཡང་སྐྱིད་གཉིས་ཀྱིས་དབྱངས་གསལ་སོ་བཞི་ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྱུར་ཁུགས་དབྱངས་སུ་དྲངས།



སེར་ཤུལ་རིག་པའི་དགའ་ཚལ་གྱི་སློབ་གཙོ་གཞོན་པ་འབྲོག་རུ་ཚུལ་ཁྲིམས་མཆོག་གིས་ཐེངས་འདིའི་བྱ་འགུལ་ཕྱོགས་སྡོམ་བྱས་ཤིང་གཅེས་པར་འོས་པའི་བོད་ཕྲེང་བ་ཅན་གྱིས་བོད་ཀྱི་ཡི་གེ་འདི་ཉིད་མ་འོངས་པར་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་ཚུལ་སོགས་ཀྱི་སྐོར་ནས་གསུང་བཤད་གནང་ཞིང་། མཇུག་མཐར་མདོ་འཛིན་པས་ཐེངས་འདིའི་བྱ་འགུལ་ཡོངས་རྫོགས་མཇུག་ལེགས་པར་བསྡུས་པའོ།།



རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།

རྩོམ་འབྲི་བ།  མེ་སྲས། 

པར་ལེན་པ།  མེ་སྲས།




སྒྲ་ལམ་སློབ་ཚན་ཕབ་ལེན།