རྫ་སེར་ཤུལ་དགོན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།

དུས་ཚོད།2018-04-11 10:38ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོ་གང་གི་རྣམ་པར་ཐར་བ་ཕྱོགས་ཙམ་ཞིག་བརྗོད་པ་དད་པའི་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞེས་བྱ་བ་ལས། གདན་ས་ཆེན་པོ་ཐེག་ཆེན་དར་རྒྱས་གླིང་ཏུ་ཆོ་འཕྲུལ་སྨོན་ལམ་གྱི་སྲོལ་ཙམ་ཡོད་ཀྱང་ཕྱག་ལེན་དངོས་གཙང་གྲྭ་ས་དང་མཐུན་པ་ཞིག་མེད་པ་དེ་ཉིན་ལྷ་ལྡན་སྨོན་ལམ་ཆེན་མོའི་ཕྱག་བཞེས་དང་མཐུན་པར་བཅོས་ཏེ། ༼རབ་བྱུང་བཅུ་བཞི་བའི་ཆུ་སྟག་སྤྱི་ལོ༡༨༤༢༽ཚེས་བཅུ་གཅིག་ནས་བཅོ་ལྔའི་བར་ལ་རྗེ་ཉིད་ཀྱིས་ཁྲི་པ་མཛད་ནས།



སྔ་དྲོ་གསུང་ཆོས་ལ་སྐྱེས་རབས་སོ་བཞི་བ་དང་། འཚོགས་བར་སོ་སོའི་དམ་བཅའ། ཕྱི་དྲོ་སྨོན་ལམ་དངོས་གཞི་བཅས་བློ་ལྡན་དང་བ་འདྲེན་པའི་ཕྱག་ལེན་རྨད་དུ་བྱུང་བའི་སྲོལ་བཏོད། བསྟན་འགྲོ་སྤྱི་དང་བྱེ་བྲག་གི་ལེགས་ཚོགས་རྒྱས་པའི་ཐུགས་སྨོན་མཛད་ཅིང་སྲོལ་རྒྱུན་བཟང་པོ་འདི་ཉིད་མི་ཉམས་གོང་འཕེལ་དུ་རྒྱས་པའི་ཐབས་ཚུལ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྲིངས་དགོས་པའི་བཀའ་ཁྱབ་གནང་། ཞེས་གསུངས་པ་ལྟར། སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་ཚུལ་ནི་སྔ་དྲོ་ཚོགས་ཆེན་ཁྲི་རིན་པོ་ཆེས་སྔོན་འགྲོའི་ཆོས་བཤད་ལ་བྱང་ཆུབ་ལམ་རིམ་ཆེན་མོ་གསུང་། གང་མཚམས་ནས་ཉུང་ཇ་བརྒྱུད། དེ་ནས་སྐྱེས་རབས་སོ་བཞི་བ་འཆད་ཚུལ་སོགས་ཕྱག་ལེན་ཆེ་ཕྲ་མཐའ་དག་སྔོན་གྱི་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེས་གསུང་ཆོས་བསྩལ་སྐབས་ལྟར་ངོ་བོ་མ་ནོར་གོ་རིམ་མ་འཕྱུག་པར་མཛད་པ་དང་།



དགའ་ལྡན་ཁྲི་པ་བོད་ཀྱི་སྐུ་དྲག་དང་། འབྲས་སྤུངས་ཚོགས་ཆེན་ཞལ་ངོ་གཉིས། གདན་ས་གཞན་གྱི་དགེ་བསྐོས། ཤིང་གཉེར་ཆེན་མོ། ཆབ་རིལ་སོགས་ཀྱིས་བསུ་སྐྱེལ་མཛད་དགོས་པ་བཞིན། དགོན་སྡེ་འདིའི་ཁྲི་པ་ཡང་སེར་ཤུལ་དཔོན་པོ་དང་། ཚོགས་ཆེན་ཞལ་ངོ་གཉིས།  སྡེ་པ་རྒན་གཞོན་གཉིས། གྲྭ་ཚང་སོ་སོའི་དགེ་བསྐོས། ཚོགས་ཆེན་ཤིང་གཉེར། ཆབ་རིལ་སོགས་ཀྱིས་བསུ་སྐྱེལ་བྱེད་དགོས། ཉིད་དང་པོར་ཁྲི་པ་ཆོས་ཁྲིའི་ཁར་ཕེབས་དུས་དང་ཉིན་རྗེས་མ་ཁྲི་པ་གཟིམ་ཤག་ཏུ་ཕེབས་སྐབས་ཁྲི་པའི་གདིང་བ་ཞལ་ངོ་རྒན་པའི་ཕྲག་ལ་བཀལ་དགོས་པ་ནི། དགའ་ལྡན་ཁྲི་པའི་ཞབས་ཞུ་པ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ལས་སྣེས་མཛད་ཡོད་པ་དང་དགའ་ལྡན་དགོན་པའི་ཞལ་ངོས་དགའ་ལྡན་ཁྲི་པའི་གདིང་བ་ཕྲག་ལ་བཀལ་ཡོད་པ་དྲན་གསོའི་ཆེད་ཡིན་པར་ཞལ་རྒྱུན་དུ་འདུག



ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་སྐྱབས་མགོན་རྒྱལ་བའི་དབང་པོས་དགའ་ལྡན་ཁྲི་ཚབ་མཛད་དེ་འཚོགས་དབུས་སུ་ཕེབས་པའི་ཕྱག་སྲོལ་ཡོད་པ་དྲན་གསོའི་ཆེད་ཆོས་སྡེ་འདིའི་ཁྲི་ཟུར་ཞིག་གིས་ཉིན་ཕྱི་མར་ཁྲི་ཚབ་གནང་དགོས་པ་དང་འདི་པའི་གདིང་བ་ཕྲག་པར་བཀལ་སྟངས་སྔར་བཞིན་དང་། ཉིན་ལྔའི་རིང་དུ་སྔ་ཇ་དང་གསུང་ཆོས་གཉིས་ཀྱི་བར་དང་། གོང་ཚིགས་དང་དུས་བཟང་གཉིས་ཀྱི་བར་དམ་བཅའ་ལ་ཚད་མ་རིག་པའི་སྐོར་ནས་རྟགས་གསལ་གཏོང་བ་དང་། ཕྱི་དྲོའི་དམ་བཅའ་རྣམས་ལ། ཕར་ཕྱིན། དབུ་མ། འདུལ་བ། མངོན་པ་རྣམས་ཀྱི་སྐོར་ནས་རྟགས་གསལ་རིམ་བཞིན་གཏོང་དགོས་པ་དང་འདི་དག་ལ་གཟིགས་ཞིབ་གཙོ་བོ་གཞུང་ལས་མཁན་པོས་མཛད་པ་སོགས་སྒྲིག་ལམ་ཡོད་ཚད་ཐམས་ཅད་ལྷ་ལྡན་སྨོན་ལམ་ཆེན་མོའི་སྒྲིག་ལམ་ཇི་ལྟ་བ་བཞིན་ཡིན་པར་གསུངས་ཤིང་འདིའི་དམ་བཅའ་པ་སྤྱི་ལོ་༡༨༤༢ནས་༡༩༣༥བར་དུ་དཔེ་ཆ་པ་གཉིས་རེ་བསྐོས་བཞག་གནང་དགོས་ཀྱང་།



སྤྱི་ལོ༡༩༣༦ལོར་པཎ་ཆེན་དགུ་པ་མཆོག་གིས་དགེ་བཤེས་ལྷ་རམས་གཏོང་པའི་སྲོལ་བཏོད་པ་ནས་དགེ་བཤེས་རྣམས་ཀྱིས་ལྗགས་ལན་གནང་དགོས། དགེ་བཤེས་གང་ལ་ལྷ་རམས་པའི་མཚན་གསོལ་རུང་མི་རུང་གི་ཚོད་བགམ་པའི་ཆེད་དུ་འཚོགས་དབུས་ནས་གཞུང་ལས་མཁན་པོས་གཞུང་ཆེན་བཅུ་གསུམ་གྱི་བརྩི་བཞག་རེ་རེ་གནང་བ་ན། དགེ་བཤེས་ཀྱིས་སྦྱོར་འགོད་རེ་རེ་བཀོད་དགོས་པ་སོགས་སྒྲིག་ལམ་ཡོད་དོ་ཅོག་ལྷ་སའི་སྨོན་ལམ་ཆེན་མོའི་སྐབས་ལྟར་ཡིན་པར་གསུངས། ལྷ་ལྡན་སྨོན་ལམ་ཆེན་མོ་སྐབས་སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་དབུ་མཛད་དང་། འབྲས་སྤུངས་ཚོགས་ཆེན་ཞལ་ངོ་གཉིས། གདན་ས་གཞན་གྱི་དབུ་མཛད་རྣམ་པ། ཤིང་གཉེར་ཆེན་མོ་སོགས་སེར་འཕྲེང་མཛད་པ་དང་དེ་དུས་གདན་ས་གཞན་གྱི་དགེ་བསྐོས་རྣམ་པས་དགེ་འདུན་མང་མ་ལ་ལྟ་རྟོག་གནང་དགོས་པ་ལྟར། ཆོས་སྡེ་འདིའི་ཡར་འཚོགས་དང་། གུང་ཚིགས། དགུང་ཇ་རྣམས་ལ་ཚོགས་ཆེན་དབུ་མཛད་དང་། ཚོགས་ཆེན་ཞལ་ངོ་གཉིས། གྲྭ་ཚང་གཞན་གྱི་དབུ་མཛད། ཤིང་གཉེར། ཆབ་རིལ་སོགས་སེར་འཕྲེང་མཛད་དགོས་པ་དང་དེ་དུས་གྲྭ་ཚང་གཞན་གྱི་དགེ་བསྐོས་རྣམ་པས་མང་མ་ལ་གཟིགས་རྟོག་གནང་དགོས།



ལྷ་ལྡན་སྨོན་ལམ་ཆེན་མོའི་སྐམ་ཚོགས་སམ་དུས་བཟང་ལ་དགའ་ལྡན་ཁྲི་པའི་ཞལ་ཇོ་བོ་ཤཱཀྱ་མུ་ནིར་གཏད་དེ་ཁྲི་ཁར་བཞུགས་དགོས་པ་དང་། ཁྲུས་གསོལ་སྐབས་གདན་ས་གཞན་གྱི་དབུ་མཛད་རྣམས་ཀྱིས་འདོན་པའི་དབུ་བསྐུལ་རེས་མོས་མཛད་དགོས་པ་ལྟར། དགོན་སྡེ་འདིའི་ཁྲི་པའི་ཞལ་ཡར་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་ལ་གཏད་ནས་བཞུགས་པ་དང་། གྲྭ་ཚང་གཞན་གྱི་དབུ་མཛད་རྣམས་ཀྱིས་ཁྲུས་གསོལ་གྱི་དབུ་བསྐུལ་རེས་མོས་གནང་བ་སོགས་འཚོགས་ཚུལ་བྱོན་བཞུགས་ཞལ་འདོན་གསུང་བྱ་ཐམས་ཅད་སྔོན་གྱི་ལྷ་ལྡན་སྨོན་ལམ་ཆེན་མོའི་སྒྲིག་ལམ་ནང་བཞིན་ཡིན།  



ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་འཚོགས་པ་ཧ་ཅང་རྒྱས་པའི་དབང་གིས་འདོན་པའི་དབུ་བསྐུལ་གནང་པའི་དུས་ལ་སླེབས་སོང་ཞེས་པའི་བརྡ་དང་། ཇ་གནང་ཞུ་པའི་དུས་ལ་སོང་ཞེས་པའི་བརྡ་དང་། བསྔོ་སྨོན་ཞུ་བའི་དུས་ལ་སླེབས་སོང་ཞེས་པའི་བརྡར་དགེ་གཡོག་གིས་གྲལ་མཐའ་ནས་རིམ་བཞིན་ཀ་དཀྱུག་གཏོང་སྲོལ་ཡོད་པ་དང་། རུང་ཁང་ནང་ནས་ཇ་འདྲེན་པའི་དུས་ལ་སླེབས་སོང་ཞེས་པའི་བརྡར་ཀ་དཀྱུག་གཏོང་སྲོལ་ཡོད་པ་ལྟར་དགོན་སྡེ་འདིར་ཡང་ཡོད་ལ།



སྨོན་ལམ་ཆེན་མོ་གྲོལ་བའི་ཉིན་མ་འོངས་པ་ན་འཇིག་རྟེན་འདིར་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་མ་རྫོགས་སྔོན་ལ་རྒྱལ་བ་བྱམས་པའི་བསྟན་པ་དར་བའི་རྟེན་འབྲེལ་དུ་རྗེ་བཙུན་བྱམས་པའི་སྣང་བརྙན་ཕྱི་སྐོར་ལ་གདན་འདྲེན་པའི་ཕྱག་ལེན་བོད་ཀྱི་དགོན་པ་ཐམས་ཅད་ལ་ཡོད་པ་བཞིན་དུ་ཆོས་སྡེ་འདིར་ཡང་བྱམས་པ་ཁྲོམ་སྐོར་ཞེས་གྲགས་པ་འདི་ལོ་ལྟར་ཡོད་པ་སོགས་ཕྱག་ལེན་རྣམ་ཐར་གཙང་མ་ཆ་ཚང་ད་ལྟའི་བར་དུ་མ་ཉམས་པར་གནས་ཐུབ་པ་ནི་སྒྲིག་ཡིག་ལམ་སྒྲོན་ཆེན་མོ་མཛད་པ་པོ་དཔོན་སྤྲུལ་བློ་བཟང་ངག་དབང་དགེ་ལེགས་བསྟན་པའི་རྒྱལ་མཚན་གྱི་བཀའ་དྲིན་འབའ་ཞིག་ཏུ་འཁུམས་སོ།།



རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།

རྩོམ་འབྲི་བ།  སྡེ་ཐུབ་བསྟན་ཚེ་རིང་།

པར་ལེན་པ།   སྐུ་འབུམ་སྐྱབས། 


སྒྲ་ལམ་སློབ་ཚན་ཕབ་ལེན།