བོད་ལུགས་བསྐུ་མཉེ་བ་ཞིག་གི་གསོ་བཅོས་དང་ང་ཚོའི་གསབ་སྦྱོང་།

དུས་ཚོད།2017-12-26 12:28ཡོང་ཁུངས།རྩོམ་པ་པོ།ཧོར་གཙང་བསོད་ནམས།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


     ཧོར་གཙང་བསོད་ནམས་སམ་གཙང་པོ་ལགས་ན་ནིང་ཉིས་སྟོང་བཅུ་དྲུག་ལོའི་དབྱར་ཁར་སྐྱབས་རྗེ་སེར་ཤུལ་ཁྲི་བ་ཚང་གིས་སྟོད་ལྷ་ས་ནས་མར་ངེད་བོད་སྨན་ཁང་གི་དཔྱད་བཅོས་ཚན་ཁག་ལ་གདན་ཞུས་ཡང་ཡང་དང་བཅས་ཁོང་དགུན་ཁར་གངས་ལྗོངས་སྨོན་ལམ་སྐབས་བཅུ་གསུམ་པའི་ཡར་འཚོགས་ཀྱི་ཉིན་མོར་གནས་འདིར་དངོས་སུ་ཕེབས་ཐུབ་སོང་། བླ་མ་ཁོང་དང་སྨན་ཁང་གི་འགོ་ཁྲིད་སོགས་ཀྱི་རེ་བ་ལྟར་ཟླ་གསུམ་རིང་ལ་བོད་ལུགས་བསྐུ་མཉེ་གཙོ་བྱས་པའི་ལས་གཉེར་སློབ་གྲྭའི་གསོ་རིག་མཐར་ཕྱིན་སློབ་མ་བཅུ་ཕྲག་ལྷག་དང་ཆེད་དུ་        ཡོང་བའི་སེར་ཤུལ་བཙུན་མ་དགོན་པའི་སྨན་པ་གྲྭ་ཚང་ཡོངས་དེ་མིན་སེར་ཤུལ་དགོན་མཚན་ཉིད་གྲྭ་ཚང་གི་གྲྭ་བ་ཐུབ་མཆོག་དང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་བ་བསམ་འཕེལ་ནོར་བུ་སོགས་ཀྱིས་ཀྱང་བསྐུ་མཉེ་དང་རླུང་སྦྱོར་སོགས་ནི་ཆོས་ཀྱི་བྱ་སྤྱོད་དང་མི་འགལ་ཞིང་ཕ་མ་དང་དགེ་རྒན་ལ་ཞབས་ཞུ་སྒྲུབ་བྱེད་ཅིག་དང་རང་གཞན་གཉིས་ཀྱི་བདེ་ཐང་ལ་ཡང་ཕན་པ་ཤ་སྟག་ཡོད་པར་རློམ་ནས་ང་ཚོ་དང་མཉམ་དུ་ལག་ལེན་དངོས་ལ་ཞུགས་ནས་ལུམས་དང་བྱུག་པ་བསྐུ་མཉེ་སྐམ་ཁབ་སོགས་ངེད་སྲོལ་རྒྱུན་དཔྱད་བཅོས་བོད་སྨན་        ཁང་ནས་ཟླ་གསུམ་ལྷག་ལ་ཟབ་སྦྱོང་འཛིན་གྲྭ་འཚོགས། 




     ཞོར་དུ་ཁོང་དངོས་སུ་ནད་ཐོག་ལག་ལེན་ལ་ཞུགས་ནས་ཕལ་ཆེར་ཉིན་རེར་ནད་པ་བརྒྱ་ལྷག་ལ་བལྟས་ནས་དགོང་མོར་ང་ཚོར་བསྐུ་མཉེའི་སློབ་ཁྲིད་བྱས་པ་ཡིན་།  ཐོག་མར་ས་འདི་གའི་མང་ཚོགས་ཚོར་མཚོན་ན་བསྐུ་མཉེ་ཞེས་པའི་ཐ་སྙད་དེ་གོ་ཐོས་ཙམ་ཡང་མེད་པས་སྟོད་ལྭ་ཕུད་པ་དང་དོར་མ་བརྫིས་པ་ཙམ་གྱིས་ངོ་ཚ་དགོས་པའི་གནས་ཚུལ་ཞིག་ལ་བརྩི་གིན་འདུག ཕྱིས་སུ་ཁོང་གིས་ནད་ཐོག་ལག་ལེན་ཁྲོད་ནས་ནད་པ་རེ་རེར་བསྐུ་མཉེའི་རིག་པའི་ཕན་བསྐྱེད་བླ་ལྷག་དུ་བྱུང་བ་དང་།  རིམ་བཞིན་ཁོ་ཚོས་བསྐུ་མཉེ་ནི་ཆེས་སྟབས་བདེ་ཞིང་ཕན་     བསྐྱེད་མངོན་གསལ་འབྱུང་སླ་བའི་རང་བྱུང་གསོ་རིག་ཁྱད་པར་བ་ཞིག་ཡིན་པའི་གོ་རྟོགས་སད།  ཁོང་ལ་ཁྱད་ཆོས་ཞིག་ཡོད་པ་ནི་སྐལ་ལྡན་རྗེས་སུ་འཛིན་པའི་ཡན་ལག་བོད་གསོ་བ་རིག་པ་ལས་ཕྱི་རྒྱུད་ལག་ལེན་བཅོ་བརྒྱད་ཀྱི་ནང་ཚན་བྱུག་པའི་ལེའུ་ལས་བསྐུ་མཉེའི་རིག་པའི་རྩ་ཁམས་གྲུབ་སྟངས་དང་གྲུབ་པ་ལུས་ཀྱི་གནས་ལུགས་ལ་འོལ་ཚོད་ཙམ་མ་ཡིན་པར་རང་ནུས་ཅི་ལྕོག་གིས་དཔྱད་ཞིབ་གནང་ཞིང་།  ལྷག་པར་བོད་ལུགས་བསྐུ་མཉེ་དང་ནད་ཐོག་ལག་ལེན།  ནད་པའི་སེམས་ཁམས་བར་གྱི་འབྲེལ་བར་རྒྱུས་ལོན་བྱ་མཁས་ཤིང་།  ས་འདི་     གའི་ནད་པ་གང་མང་གི་རྣག་ཁྲག་ཆུ་སེར་ལ་འཛེམ་དོགས་ཅི་ཡང་མེད་པར་རང་གི་ཕ་མ་སྤུན་མཆེད་བཞིན་བཀུར་བསྟི་དང་ཞབས་ཞུ་སྒྲུབ་པ་དེའི་ནད་པ་མང་པོར་མིག་ཆུ་ཕྱུངས་བ་བགྲང་གིས་མི་ལངས།  མ་གཞི་ཁོང་ནི་མི་ལོ་སུམ་ཅུའི་འགྲུལ་བཞུད་ཁྲོད་མངར་སྐྱུར་འཚོ་བའི་བྲོ་བ་ཧུབ་ཀྱིས་བཏུང་མྱོང་ཞིང་།  མི་ལོ་བཅུའི་ཡར་སྔོན་དུ་རང་གི་མ་དྲིན་མོ་ཆེ་འཇིག་རྟེན་འདི་དང་གྱེས་ཕྱག་བཞག་པ་དེའི་ཁོང་ལ་སྔ་ན་མེད་པའི་གདུང་ཤུགས་དྲག་པོ་བསྩལ་མྱོང་ཞིང་།  ཨ་མ་དྲན་པའི་གདུང་ཤུགས་དྲགས་པས་མ་བུའི་བརྩེ་འདང་ཞེས་པའི་དེབ་ཅིག་སྤྱི་     ཚོགས་སུ་བཀྲམས་མྱོང་ལ་རང་གི་མ་ལོ་དང་འདྲ་བའི་ནད་པ་གང་མང་ཞིག་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་མེད་པ་ལས་བརླག་པར་སེམས་ཀྱིས་མ་བཟོད་པར་ད་སྔའི་བར་དུ་སྨན་པ་ལྷ་རྗེ་ཞེས་པའི་མིང་དེ་ལོགས་སུ་བོར་ནས་འཕྲོད་བསྟེན་བདེ་ཐང་མཛུབ་སྟོན་པ་ཞིག་གི་ལམ་སྣ་འདྲེན་ཅི་ཐུབ་ཀྱིས་ད་སྔའི་བར་དུ་བོད་ལྗོངས་སྨན་རྩིས་ཁང་དང་ནག་ཆུ་སོག་ཤོད་རྫོང་དགེ་རྒན་བསྟན་སྲུང་གྲགས་པ་དང་སི་ཁྲོན་མཛོད་དགེ་རྫོང་སྐམ་ཁབ་ཆེད་མཁས་པ་བྱང་བ་རིག་ཁོ་དེ་མིན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་དགེ་རྒན་ཉི་མ་ཚེ་རིང་།  མགོ་ལོག་     དར་ལག་གི་བོད་ཀྱི་གསོ་རིག་སྨྲ་བ་སྨན་པ་ཏིང་འཛིན་ཚང་།  རྨ་ལྷོ་སོག་རྫོང་གི་སྨན་པ་འཇིགས་མེད་རྡོ་རྗེ་རེབ་གོང་གི་ཨ་རུ་འོད་ཟེར་བཅས་སྨན་པ་གང་མང་གི་གསང་བ་སྨན་གྱི་བདུད་རྩི་ཧུབ་ཀྱིས་བཏུང་ཞོར་སློབ་སྦྱོང་གི་འཚོ་བར་ཞར་དང་ཞོར་ནས་བསྐུ་མཉེ་ཁང་རེ་འགར་སོང་ནས་ཟླ་ཕོགས་ཀྱིས་ཁ་གསབ་བྱས་པ་དང་མདོར་ན་ཁོང་གི་དུས་ཚོད་མང་པོ་བསྐུ་མཉེའི་རིག་པ་དང་བཅོལ་ཞིང་ཟུར་ནས་དྭ་ཕྲུག་སློབ་གྲྭའི་དགེ་རྒན།  ད་དུང་ཕ་ཡུལ་ཕ་སྐད་དང་བསམ་བློའི་བརྩམས་ཆོས་ལ་དགའ་ཞིང་སྙན་ངག་འབྲི་བར་གོམས་ལོབས་སུ་གྱུར་བའི་ཁོང་     གི་མི་ལོ་སུམ་ཅུའི་འགྲུལ་བཞུད་ལས་སྔ་གཞུག་དུ་རྫ་སེར་ཤུལ་དགོན་གྱི་གངས་རྒྱན་སྨོན་ལམ་དང་འབྲེལ་ཏེ་སེར་ཤུལ་ལས་གཉེར་སློབ་གྲྭ།




     སེར་ཤུལ་བཙུན་མ་དགོན་བཅས་ལས་འཕྲོད་བསྟེན་བདེ་ཐང་གི་གལ་ཆེའི་རང་བཞིན་སོགས་དཔེ་ཐོག་བྲོ་བརྡུངས་ཙམ་མ་ཡིན་པར་སྤྱི་ཚོགས་དང་ཁད་ཐོག་ཉེ་བའི་ཆེས་སྤྱིར་བཏང་གི་སྐད་ཆས་ཆེས་སྤྱིར་བཏང་མ་ཡིན་པའི་འཕྲོད་བསྟེན་བདེ་ཐང་དང་བོད་ལུགས་བསྐུ་མཉེའི་རིག་པའི་གནས་ལུགས་གང་མང་ཞིག་ར་སྤྲོད་དང་བདེན་དཔང་གིས་ང་ཚོ་ལ་སེམས་འགུལ་ཐེབས་ཏུ་བཅུག་ཡོད་ལ་ཞར་བྱུང་དུ་ང་ཚོའི་ཕ་ཡུལ་གྱི་འཕྲོད་བསྟེན་ལས་ཅུང་འཕྲོས་ན་ལག་པ་འཁྲུད་པ་ལྟ་བུའི་ལས་སླ་བའི་བྱ་བ་མང་པོ་ཞིག་གིས་ཚེ་སྲོག་སྐྱོབ་ཐུབ།  འཕྲོད་བསྟེན་        ལེགས་ན་ནད་རིགས་མང་པོ་དཔེར་ན་གློ་ཚད་སོགས་འགོག་ནུས་ལ།  མི་སྒེར་གྱི་འཕྲོད་བསྟེན་ལེགས་བཅོས་བྱས་པ་ནི་བདེ་ཐང་ལ་འཇུག་པའི་ལྡེ་མིག་ལྟ་བུ་ཆགས་ཡོད་མོད།  འོན་ཀྱང་རང་ཡུལ་གྱི་མི་སེར་མང་པོ་ལ་འཕྲོད་བསྟེན་གྱི་འདུ་ཤེས་མེད་པས་མཆིན་སྐྲན་དང་།  མཆིན་པའི་རྩ་སྐྲན།  མཁྲིས་སྐྲན།  མཁྲིས་པ་ཤ་སེར་པགས་སེར།  གློ་གཅོང་སོགས་ཀྱི་ནད་རིགས་མང་པོས་མནར་བཞིན་འདུག་ལ།  དེ་བཞིན་ཞོར་ཟས་དང་བཏུང་བྱ་ངན་པའི་རིགས་ལ་བསྟེན་ནས་ནད་གཞི་ཡང་མང་པོ་སློང་གིན་འདུག འཛམ་གླིང་འཕྲོད་བསྟེན་ཚོགས་པས་     གསལ་བསྒྲགས་བྱས་པ་ལྟར་ན་སྣུམ་བསྲེག་རིགས་དང་།  རླངས་ཆུ་རིགས།  སྟབས་བདེ་ཐུག་པ།  ལྕགས་ཀྲིན་ཟ་ཆས་སོགས་དུས་ཡུན་རིང་པོ་བཟའ་བཏུང་བྱས་ན་མི་སྒེར་གྱི་བདེ་ཐང་ལ་ཤིན་ཏུ་གནོད་པའི་ནད་རིགས་མང་པོ་འབྱུང་སྟེ།  དཔེར་ན་སྣུམ་བསྲེག་རིགས་ནི་སྙིང་ཁམས་ཁྲག་རྩའི་ནད་སློང་བའི་གཏེ་བོ་ལྟ་བུ་ཡིན་པ་དང་།  སྐྲན་ནད་ཀྱི་རྒྱུ་བསྐྲུན་པ་དང་།  འཚོ་བཅུད་གཏོར་བཤིག་བྱས་པ་དང་།  སྤྲི་དཀར་གྱི་ངོ་བོ་བསྒྱུར་བར་བྱ།  དེ་ཡང་རླངས་ཆུ་རིགས་ཀྱི་ནང་ལ་མངར་མང་དུ་བཅུག་ཡོད་པས་དེ་དག་བཏུང་རྗེས་ཕོ་བ་རྒྱགས་པར་       སྣང་ནས་ཟ་མ་ལེགས་པོ་ཟ་མི་ཐུབ་པ་དང་ལུས་ནང་གི་སྤྲི་དཀར་རྫས་མང་པོ་རྩ་མེད་དུ་གཏོང་བཞིན་ཡོད།  འཕྲོད་བསྟེན་ཆེད་ལས་པ་ཚོས་བརྗོད་པ་ལྟར་ན་བཏུང་ཆུ་ཁུ་ནག་ལྟ་བུ་ནི་འགྲོ་བ་མིས་བཏུང་རུང་བ་ཞིག་གཏན་ནས་མ་ཡིན་པར་དེ་ནི་ཆབ་ཁང་ནང་གི་ཆབ་ཏོག་འཁྲུད་བྱེད་ཡིན་པ་དང་།  མདོར་ན་བཏུང་ཆུ་ཁུ་ནག་ལྟ་བུ་ཡུན་རིང་དུ་བཏུང་ན་དུག་གི་རྒྱུ་རུ་འགྲོ་ཉེན་ཡོད་མོད།  འོན་ཀྱང་ཡུལ་མི་ཚོ་ལ་འཕྲོད་བསྟེན་གྱི་འདུ་ཤེས་དང་གོ་རྟོགས་མེད་པས་ཟས་སྙིགས་མང་པོའི་རིགས་ལ་བསྟེན་ནས་དེང་གི་ན་གཞོན་ཕོ་མོ་མང་པོ་དུས་མིན་དུ་     འཆི་བཞིན་ཡོད།  དེས་ན་མི་སེར་ཚོ་ལ་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་ངོ་སྤྲད་ནས་འཕྲོད་བསྟེན་གྱི་གོ་རྟོགས་མཐོ་རུ་གཏོང་བ་ནི་ཤིན་ཏུ་གཙིགས་ཆེན་ཞིག་ཡིན་པར་སྣང་།  ཤིན་ཏུ་དགའ་འོས་པ་ཞིག་ལ་མིག་སྔར་ཁྲི་བ་རིན་པོ་ཆེ་མཆོག་གིས་གདན་ཞུས་བོད་ལུགས་བསྐུ་མཉེ་དགེ་རྒན་བསོད་ནམས་མཆོག་གིས་ལྐུགས་པ་དང་ཞ་བོ།  མཆིན་སྐྲན།  གློ་གཅོང་གི་ནད་རྙིང་།  དྲེག་གྲུམ།  རྩ་དཀར་གྱི་ནད་དང་ཆུ་སེར་པགས་ནད་ཀྱིས་མནར་ནས་ཉིན་མོའི་ཟས་དང་མཚན་མོའི་གཉིད་མི་ཡོང་བའི་མདོ་དབུས་ཁམས་གསུམ་དང་ལྷག་པར་ཁམས་ཕྱོགས་       དང་རྫ་ཆུ་ཁ་བའི་མི་དམངས་དེ་ལས་ཀྱང་སེར་ཤུལ་གྱི་ནད་པ་ཉམ་ཐག་བརྒྱ་ཕྲག་མང་པོ་ལ་བོད་ལུགས་བསྐུ་མཉེ་དང་དངུལ་ཁབ་སྨན་ལུམས་སོགས་གཙོར་མཛད་དེ་གསོ་བཅོས་གནང་ནས་དྲག་བསྐྱེད་བྱུང་ཡོད་པ་ནད་པ་དང་ནད་བདག་ཡུལ་མི་རུ་སྡེ་ཚང་མས་མིག་མཐོང་ལག་ཟིན་དུ་གྱུར་ཞིང་དེ་ལས་ཆེས་ཚབས་ཆེ་བའི་ནད་པ་སུམ་ཅུ་ལྷག་གི་ཟིན་ཐོ་ཡོད་ཀྱང་རེ་འགའ་གཤམ་གསལ་དུ་ངེད་ཅག་གིས་འགོད་པར་བྱ། 






    མིང་།  ཆོས་འཛིན།  རྟེན།  ཕོ།  ལོ།  ༧༥    ས་གནས།  འབུམ་གསར།  ནད་རྟགས།  ནད་པའི་གཞོགས་གཡས་ཀྱི་རྐང་ལག་ཞ་སྦྲིད་དང་ཆུ་རྒྱུས་རེངས་འཁུམས་དཀའ་བ།  ལུས་ལ་ཚ་དྲོད་ཆེ་བ།  རྐང་བ་འཛུགས་མི་ཐུབ་པ་བཅས་དབང་བོ་སྐྱོན་ཅན་གྱི་འཁོར་ལོ་ཞིག་ལ་བཙོག་དུ་བཅུག་དེ་ཁྱིམ་བདག་དང་ལྷན་དུ་སྤྱི་ལོ༢༠༡༧ལོའི་ཟླ༧པའི་ཚེས༦ཉིན་ངེད་བཙུན་མའི་བྱམས་སྐྱོང་ནད་མེད་ཚེ་བསྲིང་གླིང་དུ་འབྱོར།  རྒན་བསོད་ནམས་ཚང་གིས་བལྟ་རེག་དྲི་གསུམ་གྱིས་བརྟག་དུས།  ཁྲག་ཤེད༡༦༠—༢༡༠mmHgབཅས་འདུག་ལ།       ལྷག་པར་གོང་གི་ནད་རྟགས་ལ་གཞིགས་ཏེ་དཔལ་ལྡན་རྒྱུད་བཞི་ལས་གཟའ་ནད་བསྟན་པའི་ལེའུ་ལས།  མེ་གཟའ་ཆུ་གཟའ་གཉིས་སུ་གསུངས་བ་ལས་མེ་གཟའ་ལ་ནད་ངོས་བཟུང་།  མེ་གཟའ་གཞོགས་གཡས་ལ་ཕོག་ལྕེ་གཡས་ཐུང་། །  ཚ་བ་ཆེ་ཞིང་སེན་མོ་གཞོབ་རོག་འོང་། །  ཞེས་པ་དེའོ།  དེ་ལྟར་ང་ཚོས་བོད་ལུགས་བསྐུ་མཉེའི་གཙོ་མཛད་དེ་རྩ་ཁམས་ལ་འཕུར་གནོན་དང་སྣུམ་བྱུགས་བྱས་ཞོར་ཁོང་སྨན་ལ་རིན་ཆེན་བྱུར་དམར་ཉེར་ལྔ་དང་སྐྱུ་རུ་དྲུག་པ།  ཁྲག་ནད་བདེ་བྱེད་སོགས་བསྟེན་དེ་ཉིན་བདུན་ལ་སླེབས་དུས་ལག་པ་དང་རྐང་བ་ཅུང་     འགུལ་ནུས་བར་གྱུར།  དེ་ལྟར་སྔར་གྱི་ཁོང་སྨན་སྟེང་རྩ་ཁམས་འཕུར་མཉེ་བྱེད་ཞོར་དང་གསང་དམིགས་རེ་ཟུང་ལ་དངུལ་ཁབ་བརྒྱབ་པ་དང་དྲོད་དུགས་བཅས་བྱས་ཏེ་བདུན་ཕྲག་གཉིས་འགོར་དུས་སྔར་གྱི་ནད་རྟགས་མང་ཆེ་བ་ཞི་སྟེ་ཁྲག་ཤེད ༡༡༠—༡༨༠mmHg ལ་འགྱུར་ལྡོག་བྱུང་ལ།  དགའ་འོས་པ་ཞིག་ལ་དབང་བོ་སྐྱོན་ཅན་གྱི་འཁོར་ལོར་འདུག་མ་དགོས་པར་ལག་རྟེན་ལ་བརྟེན་ནས་འགྲོ་ཐུབ་པ་བྱུང་ཡོད་ལ་ཐེངས་འདིར་ཡོང་དུས་དེ་ལས་བཟང་བའི་ཕན་བསྐྱེད་མངོན་གསལ་བྱུང་ཡོད་སྟབས་སྨན་ཁང་དང་དགེ་སློབ་ཚང་མར་         བཀའ་དྲིན་ཞུ་ཡིག་དང་བཅས་ང་ཚོ་ཚང་མ་ཧ་ལས་པ་དགའ་ཡོད། 




     མིང་།  ངག་དབང་སྐལ་བཟང་།  རྟེན།  ཕོ ། ལས་རིགས།  གྲྭ་བ།  སྡོད་གནས།  སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་།  ནད་རྟགས།  ཐོག་མར་རྐང་བའི་རྩ་རྒྱུད་ན་བ་དང་རིམ་བཞིན་རྐང་བ་བེམ་པོར་གྱུར་ཏེ་ཚོར་ཤུགས་ཞན་པ་དང་འཛུགས་མི་ཐུབ་པར་གྱུར་ཅིང་ཞ་སྦྲིད་ཀྱི་རྟགས་ཐོན། གཞན་མིད་པའི་གནས་སུ་གཟེར་ཟུག་གཏོང་བ།  ཚིག་འབྱིན་དཀའ་བ།  གདོང་ལ་འབྲུམ་ཐོར་འབྱུང་བཅས་ཀྱི་རྟགས་ཐོན་ཏེ་ཐོག་མར་དར་མདོ་རྫོང་མི་དམངས་སྨན་ཁང་དུ་CTབརྟག་དཔྱད་ལས་མཆིན་པའི་སྲིན་སྐྲན་ནམ་ཐུམ་འབུ་དང་།  སྒལ་      ཚིགས་1/2དང་4/5བར་དུ་སྒལ་ཚིགས་འབུར་ཡོད་པ་ངོས་བཟུང་།  འབྱིན་རྔུབ་མ་ལག་(消化内科)ཚན་ཁག་ལས་幽门螺杆菌(HP)感染(阳性)མངོན།  ཁྲིན་ཏུའུ་ཧྥ་ཞི་སྨན་ཁང་གི་CTསོགས་གློག་ཆས་གང་མང་གིས་ཞིབ་ཏུ་བརྟགས་ཀྱང་ནད་ངོས་འདིའོ་ཞིག་དམིགས་བསལ་འཛིན་རྒྱུ་མ་བྱུང་བར།   འུ་ཐུག་ཐབས་ཟད་ངང་ཕྱིར་ཕ་ཡུལ་དུ་མི་ལོག་ག་མེད་བྱུང་།  དུས་སྐབས་དེར་རྒན་བསོད་ནམས་ཁོང་ཉིད་སེར་ཤུལ་དགོན་པའི་བོད་སྨན་ཁང་དུ་བཞུགས་པའི་དུས་ཡིན་ལ།  ཉིན་      ཞིག་གྲྭ་བ་དགུང་གྲངས་ཉི་ཤུ་ལྷག་ཡས་མས་ཅན་ཞིག་མི་གཅིག་སྡོད་སའི་ཤིང་རྟ་འཁོར་ལོ་ཅན་ཞིག་བཙོག་དུ་བཅུག་དེ་ཁྱིམ་མི་དང་ལྷན་བོད་སྨན་ཁང་དུ་འབྱོར་ཞིང་།  རྐང་བ་བརྐྱངས་བསྐུམས་ཀྱི་ནུས་པ་མེད་ལ་ལུས་སྨད་ཀྱི་དྲོད་ཉམས་ཡོད།  ཁོང་གིས་ནད་རྟགས་ལ་གཞིགས་ཏེ་རུས་པའི་གཉན་ཚད་དང་ཆུ་རྒྱུས་ལ་ན་ཚ་བརྒྱབ་ཡོད་པར་ངོས་འཛིན་མཛད་ཏེ་བོད་ལུགས་བསྐུ་མཉེ་གཙོར་མཛད་དེ་དཔྱད་བཅོས་ཟུང་འབྲེལ་སྒོས་གསོ་བཅོས་མཛད།  ཐོག་དང་པོ་རྐང་བ་འཛུགས་མི་ཤེས་པ་ནས་རིམ་གྱིས་བདུན་ཕྲག་གསུམ་འདས་དུས་རྐང་བ་          བཙུགས་ཏེ་འགྲོ་ཐུབ་པར་གྱུར་སོང་།  དེ་ནས་ཁོང་གིས་ངེད་སྨན་ཁང་ཡོངས་དང་ལྷག་པར་ང་ཚོའི་བོད་ལུགས་བསྐུ་མཉེའི་དགེ་རྒན་བསོད་ནམས་ཚང་ལ་བཀའ་དྲིན་ལན་བརྒྱ་ཞུ་ཞོར་ད་བར་གྲྭ་བཙུན་ངག་དབང་སྐལ་བཟང་ཁོང་སྔར་བཞིན་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་སློབ་གཉེར་ལ་འབད་བཞིན་པའི་སྒང་ཡིན། 



    མིང་།  བློ་འགྱུར།  རྟེན།  གྲྭ་བ།  ལོ༣༠  ཕ་ཡུལ།  རྫ་སེར་ཤུལ།  ནད་པའི་ལོ་རྒྱུས།  གྲྭ་བ་ཁོང་གི་བརྟག་དཔྱད་ཡི་གེ་ཆ་ཚང་ལ་ང་ཚོས་ཞིབ་བལྟ་ཞིག་བྱེད་དུས་མཆིན་པའི་རྩ་སྐྲན(肝脏血管瘤)གྱི་རྟགས་མངོན་པ་དང་གཞན་谷病转氨酶ALT:1228ལྷག་དང་།  谷草转氨酶AST:572བཅས་རྩིབ་འདབས་སུ་གནོན་གཟེར་ངེས་ཅན་ཡོད་པ་དང་།  ཕོ་བ་སྦོས་བརྒྱངས་ཆེ་བ།  གདོང་མདོག་སྨུག་ནག་ཆགས་པ།  ཤ་རིད་ཅིང་མདངས་ཞན་པ།  མིག་སྤྲིན་དམར་པོ་ཆགས་པ། མཆིན་     མཁྲིས་གནས་སུ་རེག་ན་སྐྲངས་འབུར་མྱོང་ཐུབ་བོ།  ཁོས་བཤད་རྒྱུར་དར་མདོ་ཁུལ་མི་དམངས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།  མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ།  གཞན་大连市旅顺口区人民医院བཅས་སུ་བསྟེན་མྱོང་ཞིང་ཕན་བསྐྱེད་ཆུང་བ་དང་བཅོས་ཐབས་དཀའ་ཞེས་གསུངས་ཡོད་པ་དང་།  ཁོ་རང་འུ་ཐུག་ཐབས་ཟད་ངང་ཕྱི་ལུགས་སྨན་རིལ་བུ་གཅིག་ལ་སྒོར་ཉི་ཤུ་རྩ་བརྒྱད་ཅན་ཞིག་བསྟེན་ཏེ་ཉི་མ་འཁྱོལ་ཐབས་བྱེད་ཀི་ཡོད།  སྐབས་དེར་རྒན་བསོད་ནམས་བཙལ་ཞིང་རྒན་         ལགས་གྱིས་ཀྱང་ལྷག་བསམ་རྣམ་དག་གིས་ནད་པ་ཁོང་ལ་རོགས་རམ་དང་སེམས་གསོ།  སྨན་བཅོས་གང་ལེགས་མཛད་དེ་ད་ལོའི་བར་དུ་འབད། ད་ལོར་ངེད་སྨན་ཁང་དང་སྨན་ཁང་གཞན་གྱིས་བརྟག་དཔྱད་མཇུག་འབྲས་谷病转氨酶ALT:51དངAST:31ལ་སླེབས་འདུག་པས།  བརྟག་དཔྱད་སྨན་པ་དང་ཤ་ཉེ་རིང་ཚོ་ཧ་ལས་ཤིང་ཡིད་སྨོན་དང་བཅས་ནད་པ་ཁོང་ཡང་ད་བར་ལུས་ཕུང་ཧ་ཅང་བདེ་ཡོད་ལ་སེམས་ཁམས་དེ་བས་ཀྱང་སྐྱིད་ཡོད།  གྲྭ་བཙུན་ཁོང་སྔར་བཞིན་དགོན་པའི་སྒྲིག་ལྟར་བྱང་ནག་ཆུའི་སེར་ཤུལ་     དགོན་པའི་ལས་ཀར་ཞུགས་ནས་དགའ་བ་དང་བཅས་འབད་བརྩོན་བྱེད་མུས་སུ་མཆིས་སོ། །








    ནད་པའི་ལོ་རྒྱུས།  སྤྱི་ལོ་༢༠༡༦ལོའི་ཟླ་༡༡པའི་ཚེས༡༨ཉིན།  ངག་དབང་སྦྱིན་པ་འབོད་པའི་གྲྭ་ཆུང་ཁོང་གིས་རྒན་བསོད་ནམས་ཚང་ལ་ཞུ་བ་བྱས་ཏེ་སྨན་ཁང་དང་ཐག་ཉེ་བའི་རྒན་གསོ་ཁང་གི་ཉེ་འགྲམ་ང་ཚོའི་ཁ་སྐད་དུ་ཨ་ཡེས་ཁུག་ཞེས་སྡེ་བའི་ནང་གི་ནད་པ་སྒྲོལ་མ་ལྷ་མོ་ད་ལོར་ལོ་༦༢   ནད་རྟགས་སུ་རྐང་བ་བཤལ་སྦྲིད་དུ་གྱུར་ནས་མལ་སར་ལྷུང་ཡོད་ལ་དགེ་རྒན་ཁོང་གིས་ནད་པར་བལྟ་རེག་དྲི་གསུམ་གྱི་སྒོ་ནས་ནད་རྟགས་དང་འབྱུང་རྐྱེན་ལ་དབྱེ་ཞིབ་བྱེད་མགོ་བརྩམས།  ནད་པ་དེ་སྔོན་བརྡབ་སྐྱོན་ཞིག་བྱུང་བར་རྐྱེན་བྱས་ཏེ་རིམ་གྱིས་     རྐང་བ་འཛུགས་མ་ཐུབ་པར་གྱུར།  སྐབས་དེར་དར་མདོ་བཅས་སྨན་ཁང་རེ་ཟུང་ལ་བསྟེན་ནས་ཕན་བསྐྱེད་བྱུང་སྐད།  དེ་འཕྲོར་ཡང་བསྐྱར་བརྡབས་སྐྱོན་བྱུང་ཏེ་རྐང་བ་འཛུགས་མི་ཐུབ་པར་གྱུར་བ་དང་ན་ཟུག་ཆེ་བ།  རྐང་བ་གཉིས་སྦོམ་ཕྲ་མངོན་གསལ་དོད་པོ་བྱུང་བ་དང་མཉམ་དུ་ཟླ་གཅིག་རིང་ལ་ཉལ་སར་ལྷུང་ནས་གཅིན་སྐྱག་སོགས་མལ་ས་ནས་ལེན་དགོས་པའི་གནས་ཚུལ་བྱུང་།  ཉིན་དེ་ནས་ཉིན་རེར་ང་ཚོ་ནད་པའི་ཁྱིམ་ལ་སོང་ནས་སྨན་བཅོས་དང་རྒན་གྱིས་བསྐུ་མཉེ་དང་གསེར་ཁབ་གསོ་བཅོས་ཀྱི་འགོ་བཟུང་ཞིང་ཉིན་བདུན་གྱི་འཕྲོ་    ནས་མོ་རེ་ཞིག་འགུལ་ཐུབ་ནས་གཅིན་སྐྱག་ཕྱིར་ལ་གཏོར་བའི་སྤོབས་པ་དང་དགའ་སྣང་བྱུང་།  དེ་ནས་མོས་སེམས་ཤུགས་བསྐྱེད་དེ་ངེད་སེར་ཤུལ་བོད་སྨན་ཁང་སྐབས་དང་པོའི་དཔྱད་བཅོས་ཚན་ཁག་གི་སྒོ་ཁར་དབང་བོ་སྐྱོན་ཅན་གྱི་འཁོར་ལོ་ལ་བསྡད་ནས་ཐོན་སོང་ལ་དེ་ནས་བདུན་ཕྲག་གཅིག་ལ་བོད་ལུགས་བསྐུ་མཉེ་རིག་པ་སྤྱད་དེ་འཕུར་མཉེ་བྱས།  དེ་ནས་ཡང་ཉིན་བདུན་ལ་དུགས་དང་ལུམས་བརྒྱབ་པ་དང་བཅས་རྐང་འཁོར་བཞག་དེ་ལག་རྟེན་ལ་འཁེན།  དེ་ནས་ནས་ཉིན་བདུན་ལ་གསེར་ཁབ་བརྒྱབ་ཏེ་ཞར་དང་ཞོར་ནས་ཉིན་རེར་ངལ་      གསོ་བའི་དུས་ཚོད་དང་བཅས་ཟླ་གཅིག་གི་ནང་ཐོག་མར་ལག་རྟེན་གཉིས་དོར་ཐུབ་པར་གྱུར། དེ་ནས་མུ་མཐུད་དུ་ཟླ་བ་གསུམ་ལྷག་ལ་བོད་སྨན་བསྟེན་ཏེ་ད་བར་སངས་དྲག་དུ་གྱུར་ནས་དགོན་པའི་མཐའ་ལ་བསྐོར་བ་འགྲོ་བཞིན་མཆིས། 




     དེ་ལྟར་ད་ལོ་ཡང་སྐྱབས་རྗེ་ཁྲི་བ་སྙན་གྲགས་དང་དགོན་པ་བླ་མ་ཐུབ་བསྟན་དར་རྒྱས་རྣམ་པ་གཉིས་ལྷག་པར་བཙུན་མ་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཕེལ་གླིང་སྨན་པ་གྲྭ་ཚང་གིས་ཆེད་དུ་དགེ་རྒན་ཧོར་གཙང་བསོད་ནམས་ལགས་སླར་ཡང་གདན་འདྲེན་ཞུས་ནས་ཁོང་གཙོས་ཁོའི་ལས་གྲོགས་ཚེ་རིང་དོན་གྲུབ་རྣམ་གཉིས་ཀྱིས་ཟླ་ལྔའི་རིང་ལ་ཐེངས་གཉིས་པའི་བོད་ལུགས་བསྐུ་མཉེ་དང་སྨན་ལུམས།དེ་འབྲེལ་གྱི་སྨན་རྩྭ་ངོས་འཛིན་དང་ནད་ཐོག་ལག་ལེན།དེ་མིན་རྫ་སེར་ཤུལ་བཙུན་མ་དགོན་བོད་ལུགས་བྱམས་སྐྱོང་ནད་མེད་ཚེ་བསྲིང་གླིང་       གསར་དུ་དབུ་ཚུགས་ཤིང་བླ་མ་གྲྭ་ཚང་སོགས་ཐུགས་དགྱེས་ཤིང་དགའ་བས་མཉེས་ནས་བཀྲ་ཤིས་རྟེན་འབྲེལ་གྱི་ཚབ་ཏུ་སྨན་པ་གྲྭ་ཚང་ཡུན་རིང་གནས་པར་མཐུན་རྐྱེན་བླ་ལྷག་བསྐྲུན་དང་བསྐྲུན་མུས་སོ།།
    ༡དགེ་རྒན་ལགས་ཀྱིས་ནམ་རྒྱུན་ང་ཚོར་གསུངས་རྒྱུར། ངའི་རང་གི་དྲིན་ཆེ་བའི་མ་ལོ་ཚེ་ལོ་མཐར་ཕྱིན་པ་མ་ཡིན་པར་ནད་ཀྱིས་འདས་གྲོངས་སུ་གྱུར་བ་དང་རང་ཉིད་ཀྱང་ལོ་ཚོད་སྨིན་དུས་ཆུང་བའི་དུས་ནས་འཕྲོད་བསྟེན་གྱི་གོ་རྟོགས་མེད་རྐྱེན་ད་བར་ཕོ་བ་སོགས་མི་བདེ་བས་ང་ཚོ་རང་གཞན་སུ་ཡིན་ཡང་སྔ་མོ་ནས་རང་གི་སྨན་པ་དང་འཕྲོད་བསྟེན་མཛུབ་སྟོན་པ་རང་ཉིད་ཐུབ་པར་སྨོན་པ་དང་བརྩོན་མོས་སུ་མཆིས་སོ།།
   ༢ སྤྱིར་ང་ཚོ་དགེ་སློབ་ཚང་མ་སྨན་པ་ཚད་ལྡན་ཞིག་ཏུ་གྱུར་ན་དགའ་ཡང་གཙོ་བོ་ང་ཚོ་རང་གཞན་སུ་ལ་ཡང་འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་མ་སད་ཚེ་སྨན་མིང་འཛིན་པ་ཙམ་ལས་སྤྱི་བའི་འཕྲོད་བསྟེན་དང་མི་རབས་རྗེེས་མའི་བདེ་ཐང་ལ་ཕན་པར་དཀའ་སྙམ།།
   ༣ཁོང་དུ་སྨན་རྫས་བསྟེན་མི་དགོས་ཤིང་ལུས་ལ་རྩུབ་དཔྱད་མི་དགོས་པའི་ལུས་སེམས་གསོ་ཐབས་ཀྱི་བོད་ལུགས་བསྐུ་མཉེའི་རིག་པ་འདི་ནི་ཁོ་བོས་གསར་དུ་གསོ་ཐབས་ཤིག་རྙེད་པ་མ་ཡིན་པར་རང་རེའི་དཔལ་ལྡན་གསོ་བ་རིག་པའི་ཕྱི་རྒྱུད་བྱུག་པའི་ལེའུའི་དགེ་མཚན་དང་ལྷག་པར་དགེ་རྒན་དུ་མའི་མཐོང་རྒྱུད་ལག་ལེན་ཟུར་ཙམ་གྱི་ཉམས་མྱོང་དང་རང་གི་མོས་བརྩོན་ལ་བརྟེན་པའི་གྲུབ་འབྲས་ཞིག་དུ་རློམ་གྱིན་ཡོད།   
   ༤ དེ་མ་ཟད་ཁོང་གིས་དུས་རྒྱུན་ང་ཚོས་ནད་པའི་ལུས་ཀྱི་ཟུག་རྔུ་གསོ་མ་ཐུབ་ཀྱང་ནད་པའི་སེམས་ནང་ལ་ན་ཟུག་ལྷག་མ་ཞིག་འཇོག་དགོས་དོན་གཏན་ནས་མེད་ལ་ལྷག་པར་གསོ་རིག་པ་ནི་མིའི་ལྷན་སྐྱེས་ཀྱི་རང་སྲུང་གི་ཐབས་ཤེས་ཤིག་དང་སྐལ་ལྡན་རྗེས་སུ་འཛིན་པའི་མེས་པོའི་ལག་ལེན་དང་གཞུང་ལུགས་ཚད་ལྡན་གྱིས་གྲུབ་པའི་རིག་པ་བླ་མེད་ཅིག་ཡིན་པ་ལས་ང་ཚོས་གཡོ་སྒྱུ་དང་དབང་ཆ་བཀོལ་ནས་སྒེར་གཅོད་བྱེད་ཆོག་པ་ཞིག་གཏན་ནས་མ་ཡིན་པར་ཚེ་བསྲིང་རིག་པའི་ཐབས་འདི་ང་ཚོ་འགྲོ་བ་མིའི་ཐུན་མོང་གི་ལོངས་སུ་སྤྱོད་བྱ་ཞིག་ཡིན་      པར་འདོད་ཅེས་བརྗོད། 



མདོར་ན་ཁོང་ངེད་སེར་ཤུལ་བླ་གྲྭ་སྤྱི་དང་མི་དམངས་ཡོངས་ལ་བཀའ་དྲིན་ཆེན་པོ་དང་ལྷག་པར་དེར་ཞུགས་ཀྱི་ང་ཚོའི་སློབ་གྲོགས་ཚང་མར་དྲིན་ཆེན་ཡིན་ཞེས་སྐབས་དེའི་ཟླ་གསུམ་སློབ་ཞུགས་པ་ཡོངས་དང་ད་ལོའི་ཟླ་བཞིའི་དུས་ཐུང་འཛིན་གྲྭར་ཞུགས་པའི་སེར་ཤུལ་བཙུན་མ་དགོན་པའི་སྨན་པ་གྲྭ་ཚང་གཙོས་གསབ་ཞུགས་པ་ཚོའི་ནད་པའི་ཐོ་ཡིག་འགངས་ཆེན་འགའ་དང་བཅས་སྤྱི་ལོ་༢༠༡༧ལོའི་ཟླ༡༡པའི་ཚེས་༡ ཉིན་ཕྱོགས་བསྡུས་བྱས་པ་ཡིན།



                                                                                                                                                                                                 

                                                                                                                                                                                                                                                                                          རྩོམ་སྒྲིག་པ། སེར་ཤུལ་རྡོ་རྗེ།



སྒྲ་ལམ་སློབ་ཚན་ཕབ་ལེན།