རླབས་ཆེན་གྱི་སྐྱེས་བུ་ཞིག་ལ་དངོས་སུ་མཇལ་མྱོང་བའི་སེམས་ཀྱི་འགྱུ་བ།

དུས་ཚོད།2017-12-25 19:20ཡོང་ཁུངས།རྩོམ་པ་པོ།ཧོར་གཙང་བསོད་ནམས། རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

དེ་ཡང་སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོར་ཕྲན་སྐབས་རེར་ལྷ་ས་དང་མཚམས་རེར་ནག་ཆུ་ན་ཡོད་པའི་དུས་སུ་སེར་ཤུལ་གྱི་ངའི་གྲོགས་པོ་གྲྭ་བཙུན་ཞིག་གིས་རྒྱུན་དུ་སེར་ཤུལ་ཁྲི་བའི་མཛད་རབས་མང་དུ་གླེང་ལ་ཁོང་གི་སྐུ་པར་དང་ཟེར་སྡེར་དཔེ་ཆ། གསུང་བཤད་དུམ་བུ་རེ་ངའི་ལས་ཤག་ཏུ་ཡོང་ཐེངས་རེར་ཕལ་ཆེར་ཁྱེར་ཡོང་ནས་ང་ལ་ལེགས་སྐྱེས་སྟེར། སྐབས་རེར་ཁོང་གིས་ཨེ་བལྟས་ཨེ་ཉན་ཞེས་པའི་དྲི་བ་རེ་དྲིས་ཚེ་ལན་ཅི་ཡང་མེད་པར་བཏང་སྙོམས་སུ་བསྡད་པ་ཡིན། མཚམས་རེར་ཁོང་ལ་བརྩི་འཇོག་ཅིག་གི་ཆེད་དུ་ཡག་པོ་འདུག་ཅེས་པའི་ཟུར་ཙམ་བསྟན་པ་ཡིན། གྲྭ་བཙུན་དེའི་མིང་ལ་བློ་འགྱུར་དང་རང་ལོ་ཉེར་བརྒྱད་ལ་ཉེ་དུས་མཆིན་སྐྲན་གྱིས་མནར་ནས་སྨན་ཁང་གང་མང་ལ་བསྟེན་ཡང་བཅོས་ཐུབ་མེད་ཅེས་ཁ་ཚོན་བཅད་ཡོད་པས་འུ་ཐུག་ཐབས་ཟད་ངང་ཕྱི་སྨན་རེ་ཟུང་བསྟེན་པ་ལས་ཉམ་ང་ཉག་ཕྲའི་གནས་སུ་ལྷུང་འདུག ཉིན་ཞིག་ཁོས་ཡིད་ཆེས་ཀྱི་གོ་ཆ་རབ་ཏུ་བསྲུང་ནས་ཚེ་སྲོག་གཉོམ་པོ་ཞིག་གི་ཆེས་མཐའ་མཇུག་གི་རེ་བ་ང་ལ་བཟུང་ནས་ངའི་གམ་དུ་འབྱོར་སོང་ལ། ཉིན་དེ་ནས་ངས་ཀྱང་སྨན་ཞབས་ཤིག་གི་ཚབ་ཏུ་ཁོང་ལ་སྨན་སྤྲད་ནས་ཟླ་འགའི་རྗེས་སུ་སྨན་ཁང་ཆེ་བ་སོགས་ནས་ཡང་བསྐྱར་བརྟག་དཔྱད་བྱེད་དུས་ཧ་ལས་ཧངས་སངས་པའི་བོད་སྨན་གྱིས་གྲུབ་འབྲས་ཐོན་སོང་བ་ཞིག་ཡིན། དེ་ནི་ངའི་ནུས་པ་དང་འཇོན་ཐང་ཞིག་ཡིན་བསམ་གྱིན་མེད་ལ་གཙོ་བོ་དགེ་རྒན་བཀའ་དྲིན་ཅན་དག་དང་བོད་གསོ་རིག་གི་དགེ་ཕན་ཤ་སྟག་གོ །གླེང་བར་བྱ་བ་ནི་ཉིན་ཞིག་ལ་གྲྭ་བ་ཁོང་གིས་བཤད་རྒྱུར་ངེད་དགོན་པའི་ལས་སྣ་དང་སྨན་ཁང་། ལྷག་པར་བླ་མ་ཁོང་གིས་རྟེན་འབྲེལ་ཁྱད་པར་བར་བརྟག་ནས་ཁྱོད་ནམ་ཞིག་ལ་སེར་ཤུལ་བོད་སྨན་ཁང་དུ་ཡོང་བར་ཡར་ཞུ་དང་སྨོན་ལམ་འདེབས་ཀྱིན་ཡོད་ཅེས་བརྗོད་སོང་། དྲང་མོར་བཤད་ན་ང་ནི་སློབ་མ་ཞིག་ཡིན་ལ་ལྷག་པར་བོད་གསོ་རིག་གི་འཇོན་ནུས་མེད་པའི་འཁྱམས་པོ་ལྡོམ་པོ་ཞིག་ཡིན་པ་ཁྱོས་ཤེས་པ་རེད། དེ་ལ་སོང་ཡང་ནུས་པ་ཅི་ཡང་ཐོན་རྒྱུ་མ་རེད་ཅེས་ཁོ་ལ་ཀུ་རེ་མ་རྩེད་རོགས་ཞུས་པ་ཡིན། ན་ནིང་དབྱར་ཁ་ནས་དགུན་སྟོད་བར་བླ་མ་ཁོང་གིས་ཡང་ནས་ཡང་དུ་དེ་ལ་ཕེབས་རོགས་ཟེར་ནས་སྐད་ཐོན་རྗེས་རང་གིས་ཀྱང་ཕན་སེམས་ཟེར་ན་དཀའ་ཡང་ས་དེར་ཡུལ་སྐོར་དང་ཡང་ན་རང་གི་ཆེད་ལས་དང་འབྲེལ་པས་བླ་བྲང་ནས་དེ་གའི་གྲྭ་བ་བློ་འགྱུར་དང་ཐུབ་མཆོག་ཐུབ་བྷོ་ངེད་ཅག་ལམ་ལ་ཆས་པ་ཡིན།  ཟི་ལིང་ནས་སྐྱེ་རྒུ་བརྒྱུད་ནས་སེར་ཤུལ་ལ་ཡོང་དུས་ཐེངས་བཅུ་གསུམ་པའི་རིས་མེད་གངས་ལྗོངས་སྨོན་ལམ་འཚོགས་འདུག དེ་གའི་ཐོག་མར་མཁན་པོ་ཐོས་བསམ་ཞེས་པ་དང་ཨ་ཁུ་ཚེ་རྣམ་མཇལ་རྗེས་ཁོང་རྣམ་གཙོས་ཚོགས་ཆེན་འདུ་ཁང་ནང­་ལ་བླ་མར་མཇལ་དུ་སོང་ཚེ་ངའི་སེམས་ཤིག་ལ་ཅི་འདྲའི་བརྗིད་ཉམས་དང་ཞལ་ངོ་སོགས་གནག་གེར་བཞུགས་ཡོད་པ་ཞིག་ལོས་ཡིན་བསམ་པའི་ཚོར་སྣང་ཞིག་སྟེར་མོད།


ངེད་ཅག་ཡར་རྡོ་གཅལ་སྟེང་ལ་སོང་དུས་གློ་བུར་དད་ལྡན་མང་ཚོགས་ཀྱིས་བླ་མ་ཕེབས་བྱུང་ཟེར་ནས་མགོ་བོ་སྒུར་དུས་མདུན་དུ་ཕེབས་བཞིན་པ་ནི་སྤྱིར་བཏང་དང་ཆེས་སྤྱིར་བཏང་གི་གྲྭ་བཙུན་ཞིག་གི་སྣང་བརྙན་ལས་ངས་ཅི་ཡང་མཐོང་མ་སོང་། དེ་ནས་ཨ་ཁུ་ཚེ་རྣམ་གྱིས་ཡར་སྙན་ལམ་དུ་ཚིག་འབྲུ་གསལ་ལ་མི་གསལ་བ་ཅིག་ཞུས་དུས་མི་ཚོགས་དེའི་ཁྲོད་ནས་ཚུར་ཕེབས་ནས་ང་ལ་དཀའ་ལས་མྱངས་སོང་ངམ། ད་བཟང་སོང་། རྟེན་འབྲེལ་ཡག་པོ་རེད། ལྷ་སའི་ཨ་མདོའི་ཨེམ་ཆི་ཞེས་ཆོ་ལོ་ཞིག་བསྩལ་སོང་ལ་ཁོང་གིས་ཅི་མི་སྙམ་པར་ང་ལྟ་བུའི་མི་འཇོན་མེད་ཅིག་མི་ཚོགས་དེའི་ཁྲོད་མི་གྲལ་ནས་མཐོ་གྲལ་དུ་བརྩིས་ནས་ཁོང་གི་དབུས་སྐྲ་རིང་འཆོར་བཙོག་ངའི་དཔྲལ་མཚམས་སུ་ཡང་ཡང་བསྣུན་ཞིང་ཕྱག་དྲོན་མོ་ལན་གསུམ་བཞག་རྗེས་ངའི་དཔོན་སློབ་མ་བརྗེད་ཨ། ཐུགས་སུ་བཟུང་ཨ། ས་འདི་ཅིག་ཅིག་མཐོ་གི་རེད། འཁྱགས་ཀི་མ་འཇུག  དྲོད་དྲོད་བྱོས། བྱ་བ་ཅི་ཡོད་ན་ངའི་སྒེར་ལ་ཤོད་ཅེས་ཡང་ཡང་གསུངས་སོང་། ཞེས་ནན་བརྗོད་དེས་ང་ལ་བཤད་མི་ཤེས་པའི་ཚོར་བ་ཞིག་དང་འབྲི་མི་ཤེས་པའི་སྐྱོ་སྣང་ཞིག་སྤྲད་སོང་། ང་སྐྱེས་པ་ནས་དྲིན་ཕ་མ་ལས་མི་མཐོ་ཤོས་ཤིག་གིས་འདི་ལྟར་གཟུགས་མེད་ཀྱི་བརྩེ་བ་སྣུམ་པོ་ཞིག་སྤྲད་པ་ཐོག་མ་ཡིན་ཟེར་ན་མི་ཆོག་པ་མེད། ཡང་མིན་ན་ང་ཆུང་དུས་ནས་དཔོན་པོ་ཆེ་དྲགས་དང་མི་གོ་ཐོབ་ཅན་ལ་དགའ་བོ་མེད་ལ་དེ་ཚོས་ངའི་མི་ཚེ་ལ་དཀའ་ལས་སྤྲད་པ་ཉུང་ཉུང་མིན། གང་ལྟར་ཁོང་གིས་ངའི་སེམས་ལ་འགྱུར་བ་ཅུང་ཐེབས་སུ་བཅུགས་སོང་། གངས་ལྗོངས་སྨོན་ལམ་གྲོལ་བའི་ཉིན་ཁོང་གིས་ས་དགེ་རྙིང་གསུམ་གཙོས་གྲུབ་མཐའ་མི་འདྲ་བའི་དགོན་སྡེ་ཁག་ནས་ཕེབས་པའི་བླ་སྤྲུལ་དང་མདོ་དབུས་ཁམས་གསུམ་ནས་ཡོང་བའི་ཆོས་དད་པ་ཡོངས་ལ་རྡོ་རྗེ་སེམས་དཔའི་ལུང་དང་བྱང་སེམས་ཀྱི་སྙིང་བོར་འགྲེལ་བའི་སྐབས་སུ་རང་ཅག་ལ་བཀའ་དྲིན་ཆེ་བའི་སྟོན་པ་ཤཱཀྱ་ཐུབ་པའི་མཚན་དང་དེ་ནས་མར་བརྒྱུད་པའི་བཀའ་གདམས་པ་རྣམ་པའི་མཛད་པ་དང་ལྷག་དོན་རིས་མེད་ཕྱག་ན་པདྨོའི་ཐུགས་རྗེ་དང་ཁོང་གི་ཡབ་སོགས་ཀྱིས་བསྟན་པ་སྤྱི་དང་འགྲོ་བ་སེམས་ཅན་ཡོངས་ཀྱི་ཆེད་དུ་གསུངས་ནས་ངག་མི་འཁྲོལ་བར་སྐར་མ་སུམ་ཅུ་ལྷག་ལ་སྤྱན་ཆབ་བསིལ་ནས་ཡང་ནས་ཡང་དུ་ཉམ་ཆུང་ཆུང་གིས་འགྲོ་བ་སྤྱི་དང་ལྷག་པར་ཁ་བ་གངས་ཅན་པའི་ད་བར་གྱི་ཆོས་དང་རིག་གནས་འཕྲོད་བསྟེན་དང་བདེ་ཐང་ནི་ངོ་མ་སྐྱོ་བོ་ཆགས་འདུག་ལ་ད་དུང་འུ་ཅག་གིས་མ་འོངས་པར་བསམ་བློ་མི་གཏོང་བར་དེ་རིང་གི་གྲུབ་མཐའི་རྩོད་གླེང་། ཡུལ་ལུང་གི་ཕྱོགས་འཁྱེར། འཕེལ་རྒྱས་མེད་པའི་རྩོད་ཉོག་གིས་ཉི་མ་གཏོང་པ་ཅི་འདྲའི་སྐྱོ་བ་ལ་ཨང་ཞེས་གསུངས་ལྡབ་ལྡབ་ཅིག་བུད་རྗེས་མདོ་དབུས་ཁམས་གསུམ་གྱི་དེ་གའི་དད་ལྡན་མང་ཚོགས་ཀྱིས་ཀྱང་དད་པའི་སྤུ་ལོང་གཡོ་ནས་ཕྱག་གིས་ཐལ་མོ་སྦྱར་བཞིན་མིག་མཐར་མཆི་མས་གཡོག་དུས་སེམས་སྲ་མོ་རྡོ་འདྲ་བ་བདག་གིས་ཀྱང་མགོ་བོ་མར་ཕབ་ནས་ཅི་ཡིན་འདི་ཡིན་མེད་པར་ཚེ་འདིའི་མིག་ཆུ་གཉིས་པ་བཞུར་འགོ་ཚུགས་པ་ཡིན། ཉིན་ཞིག་ཁོང་དང་མཁན་པོ་ཐོས་བསམ་གྱི་བཀའ་ལྟར་དེ་གའི་ལས་གཉེར་སློབ་གླིང་ནས་འཕྲོད་བསྟེན་སྐོར་གྱི་ཁ་བརྡ་ཞིག་གློད་པའི་དུས་ཚོད་སྤྲད་སོང་། ཁོང་གིས་བཙུགས་པའི་སེར་ཤུལ་ལས་གཉེར་སློབ་གྲྭ་ནི་ས་འདི་གའི་མང་ཚོགས་ཀྱི་ཆ་རྐྱེན་ཞན་པ་དང་ཕ་མེད་མ་མེད་ཀྱི་དྭ་ཕྲུག་མང་པོ་ཞིག་དང་རིག་གནས་སློབ་གསོའི་གོ་སྐབས་མ་རེག་པའི་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱ་བར་དམིགས་པ་ཡིན། ཁོང་གིས་ཕྱོགས་ཡོངས་ནས་སྤྱན་གྱིས་གཟིགས་ཏེ་མི་སྣ་འཇོན་ནུས་ཅན་རེ་འགའ་ཞིང་ཆེན་དང་ས་གནས་སོ་སོར་སློབ་སྦྱོང་ལ་མངགས་ཏེ་རང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དང་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱས་པ་ནི་ཇི་འདྲའི་བསམ་བློ་རླབས་ཆེན་དང་ཕུགས་རྒྱང་རིང་བོ་ཞིག་རེད་ཨང་། དེ་ལྟར་ཁོང་གི་ཐུགས་སྨོན་དང་སི་ཁྲོན་མཛོད་དགེའི་སྨན་རམས་པ་ཨ་ཁུ་བསྟན་ཁོ་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་རྒན་ཚུལ་ཁྲིམས་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་སེར་ཤུལ་བོད་སྨན་ཁང་དང་སྨན་བཟོ་ཁང་ཚད་ལྡན་དུ་གྲུབ་ཡོད་ལ།  སྨན་པ་པད་མ་གཡང་སྐྱིད་གཙོས་པའི་སྨན་པ་གང་མང་ཞིག་ཁོང་གིས་འགྲོ་སྒོ་གཏོང་དེ་ལག་རྩལ་མི་སྣ་བསྐྱེད་བསྲིང་བྱས་པ་དང་ད་ལྟ་འགྲོ་བ་གང་མང་ཞིག་གི་ནད་ཀྱི་ཟུག་རྔུ་འཇོམས་པའི་དཔུང་གཉེན་གྱུར་ཡོད། དེ་མ་ཟད་ད་དུང་འདི་གའི་སློབ་མ་ཚོས་རིག་གནས་སྦྱངས་བ་དེ་མཐར་གཏུག་ན་རྒྱལ་ཁབ་ཀྱི་ཟླ་ཕོགས་ཐབས་ཆག་ཞིག་ལ་དམིགས་པ་མ་ཡིན་པར་རིག་གནས་བསམ་བློའི་གོ་རྟོགས་གསེད་འགྲོལ་དང་ལྟ་བ་ཡངས་པོ་ཆགས་པར་དམིགས་པ་ཞིག་ཡིན།  སྐབས་དེ་ནས་བཟུང་སློབ་གླིང་དེར་རྒྱུས་ལོན་བྱེད་པའི་སྐལ་བ་ཅིག་ཅིག་རེག་སོང་། སློབ་གྲྭ་དེ་ངེད་རྭ་རྒྱ་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནང་བཞིན་ཁ་ཕྱོགས་གཙོ་བོ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་གཙོ་བྱས་པའི་ཆེད་ལས་གསོ་རིག་འཛིན་གྲྭ་དང་རི་མོ་འཛིན་གྲྭ་སོགས་ཀྱིས་གྲུབ་ཡོད་ལ། ཞོར་དུ་སྐད་ཡིག་གཞན་པ་ལ་ཡང་སློབ་ཀྱིན་འདུག དེ་ལ་ཕེབས་པའི་གཙོ་ཤས་དགེ་རྒན་རྣམས་ནི་ལྷག་བསམ་རྣམ་དག་གིས་ཕེབས་པ་ཤ་སྟག་རེད་ལ་ཟླ་ཕོགས་ཀྱི་མིང་ཙམ་དང་ཉིན་རེའི་ཟ་མ་སོགས་ཀྱང་སློབ་མས་ངན་ངོན་གྱི་འཚོ་བའི་བཟའ་བཏུང་ཅི་ཡིན་ཁོང་ཚོས་དེ་རོལ་གྱིན་ཡོད། མ་ཟད་དགུན་གྱི་ཙག་རླུང་དང་སྨག་གནག་པའི་མཚན་མོ་གང་ཡིན་རུང་དུས་རྒྱུན་ཕྱི་སྡོད་སློབ་མ་ཚོའི་ཁྱིམ་རེ་རེ་ལ་སོང་ནས་སློབ་མ་ཚོར་ཁྱིམ་ན་ཡོད་མེད་དང་ལས་བྱ་བྲིས་ཚར་ཡོད་མེད། ཁྱིམ་བདག་དང་སློབ་མའི་གནས་ཚུལ་རྒྱུས་ལོན། ཕ་མ་ལ་བརྩི་འཇོག་ཡོད་མེད། སློབ་གྲྭ་མ་བསྐྱལ་བའི་སྔུན་དང་བསྐྱལ་ཚར་རྗེས་ཀྱི་མི་གཞི་འཐུས་ཤོར་མི་འགྲོ་བར་ཧ་ལས་པའི་སེམས་ཚེགས་གནང་བ་དེ་ལས་དགེ་རྒན་དེ་ཚོ་ནི་ཕ་མེས་ནས་བརྒྱུད་ཡོང་བའི་རང་རིག་གནས་ལ་དུངས་ཞེན་ཆེ་བ་མཚོན་ཐུབ་ཅིང་རུས་རྐང་ལ་ཟུག་པའི་མི་རིགས་ཤིག་གི་ལ་རྒྱ་ངོ་མ་དེ་རང་ཤུགས་ཀྱིས་ཐོན་ཡོང་། ནམ་རྒྱུན་ཁོང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཆོས་ལུགས་བྱེད་སྒོའི་ཚོགས་འདུའི་ཆེད་དུ་མར་གྲོང་ཁྱེར་ལ་ཕེབས་འགྲོ་ལ་ཡར་དགོན་པའི་དོ་དམ་གྱི་ཆེད་དུ་ཕྱིར་ལོག་ཐེངས་རེར་ཁོང་གི་ལྷག་དཀར་གཟའ་མིག་དམར་ཉིན་ནམ་རྒྱུན་ང་ལ་བོས་ནས་ཐོག་མར་ཁོང་གི་རྩ་དང་ཁམས་སོགས་ལ་ཅི་ནུས་ཀྱིས་བརྟག་ཚར་རྗེས་ངས་བོད་ལུགས་བསྐུ་མཉེའི་རིག་པ་དང་བསྟུན་ཅི་ཐུབ་བྱས་ནས་ཁོང་ལ་ཞབས་ཞུ་རན་ཙམ་རེ་བསྒྲུབས་པ་ཡིན་ལ་གཟིམས་ཤག་གི་སྒོ་དེ་ཐག་སྒྲའི་མཚམས་མི་ཆད་ལ་ཡོང་ཡོང་ཚང་མ་ཉམ་ཆུང་བའི་ནད་པ་དང་སྡུག་ལ་ཐུག་པའི་ཉམ་ཆུང་གི་མང་ཚོགས་རྐྱང་རྐྱང་རེད། ངས་ཁ་རོག་གེར་ཁོང་གི་བྱ་སྤྱོད་ལ་ལྐོག་ལྟ་བྱས་ཐེངས་རེ་ལ་ཁོང་ནི་ཉམ་ཆུང་ནད་པར་སྙིང་རྗེ་རང་གཟུགས་སུ་འཆར་བའི་འཕགས་མཆོག་དངོས་མ་ཞིག་སྟེ། ཉམ་ཆུང་ནད་པ་གང་མང་ཞིག་ཚེ་སྲོག་གི་ཉེན་ཁའི་གནས་སུ་འཕྲད་དུས་སྨན་པ་གང་ལ་བསྟེན་ན་ཡག་པར་ཞུ་ཞོར་ནད་བདག་དག་གིས་རྒྱུ་ཡོད་མེད་གང་རུང་གིས་ཡར་ལ་སྒོར་མོ་བརྒྱ་དང་སྟོང་ཕུལ་དུས་མི་ལེན་པར་མ་ཟད་དེ་ལས་ལྡབ་འགྱུར་ལས་ཁོང་གི་སྒོར་ཁུག་ལས་ནད་པའི་ཚབས་ཆེ་ཆུང་ལྟར་རོགས་སྐྱོར་བྱས་པ་གོམས་གཤིས་དང་ད་དུང་ཀྲུང་ལུགས་སྨན་ཁང་གང་བཟང་། བོད་སྨན་པ་སུ་མཁས་སུ་ཕན་ཐོག་མར་འདེམས་ནས་ཡར་དཀོན་མཆོག་གསུམ་པོར་སྐྱབས་འཇུག་དང་སངས་རྒྱས་སྨན་བླའི་མཚན་སྔགས་་མང་དུ་བཟླ་ཞོར་སྨན་པ་ཚད་ལྡན་ཞིག་དང་ཕ་མ་དྲིན་ཆེན་ཞིག་གི་ཚུལ་ཏུ་ནད་པའི་སེམས་ཁམས་དང་བསྟུན་ཅི་ཐུབ་ཀྱིས་ནད་གཡོག་ལ་ནད་པར་བདག་སྐྱོང་བྱེད་དགོས་པའི་སློབ་གསོ་མང་དུ་སྤྲོད་ཀྱིན་མཆིས། དེ་བས་དེ་གའི་མང་ཚོགས་ཀྱིས་སེམས་ནས་མ་བཟོད་པར་ནད་པ་ཤི་ཐག་ཆོད་པ་ཅིག་མིན་ན་ཁོང་ལ་འོ་བརྒྱལ་གཏོད་ཀྱིན་མེད་ཀྱང་ཁོང་གིས་ནམ་ཡང་ཐུགས་ལྷོད་ལྷོད་ཀྱི་ངལ་གསོ་བའི་དུས་ཚོད་ཅིག་ཕལ་ཆེར་རེག་གི་མེད་པ་འདྲ།  ད་ལོའི་བོད་ལོ་སར་ཚེས་གཉིས་ལ་ཁོང་གི་མ་ཡུམ་ལགས་དང་སེར་ཤུལ་མཚན་ཉིད་གྲྭ་ཚང་གི་དགེ་རྒན་འགའ་དེ་མིན་མཇལ་བ་ཁ་ཤས་ཁྲིད་ནས་སྟོད་ལྷ་ས་ནས་མར་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་བར་ཕེབས་ཡོང་གི་ཡོད་ཅེས་གོ་མ་ཐག་ངས་དེ་ནས་གྲལ་སྒྲིག་ཆེར་མ་ནུས་ཀྱང་ངའི་ཁྱིམ་དུ་ཕེབས་ནས་ཁ་བརྡ་མང་དུ་གློད་རྗེས་ཁྱོད་འདི་ནས་སྐྱིད་པོ་ཡོང་གི་ཡོད་པ་ཤེས་ཡོད། ཡིན་ཡང་ཕྱིར་སེར་ཤུལ་ལ་ཡོང་དགོས་པའི་རྒྱུ་མཚན་ལུང་བ་གང་གིས་ངའི་རང་ཚུགས་དེ་ཁོང་གི་ཟོལ་མེད་ཀྱི་གཏམ་དེ་དག་གིས་ཡོངས་སུ་འཁུམས་པར་བྱས་སོང་། དེ་ནས་ཕྱི་ཉིན་སྔ་དྲོའི་ཉི་མ་རྩེ་ཤར་ལ་ང་ཚོ་མཉམ་དུ་ཐོག་མར་བཙན་ཁང་ནང་ལ་བསང་མཆོད་དང་དེ་ནས་མར་གུང་ཐང་མཐོང་གྲོལ་ཆེན་མོར་མཇལ་དུས་ཁོང་གིས་བླ་མ་གུང་ཐང་ཚང་གི་གདུང་མཆོད་ཀྱི་མདུན་ནས་པུས་མོ་ས་ལ་བཙུགས་ནས་ཕྱག་ཐལ་མོར་སྦྱར་ཞོར་ཐུགས་སྐྱོ་བའི་ངང་ཚུལ་གྱིས་བླ་མ་ཉི་མ་འདྲ་བོ་ཕེབས་སོང་བ་འགྱོད་གདུང་སྐྱེས་ཀྱིན་མྱ་ངན་ཞུ་ཚུལ་དེས་ང་ལ་ན་ཟུག་བཟོད་བརླག་མེད་པ་ཞིག་སྟེར་བ་ནི་ང་རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་ཀུན་མཁྱེན་རིན་པོ་ཆེ་ཚང་ཡིན་ལ་དེ་ལས་ཀྱང་གུང་ཐང་བླ་མ་མ་རྒན་ལས་ཀྱང་དྲིན་ཆེ་ཡང་བྱ་བའི་བྲེལ་འཚུབ་ཀྱི་བར་གསེང་ལས་ཁོང་གཤེགས་རྗེས་གདུང་མཆོད་ལ་གདུང་ཤུགས་དྲགས་པོས་གསོལ་འདེབས་ཐེངས་ཤིག་མ་བྱས་པ་ནི་ཅི་འདྲའི་སློབ་བུ་དམ་ཤོར་ཞིག་དང་ཁྲེལ་མེད་ཅིག་རེད་ཨང་བསམ་པའི་གནོང་འགྱོད་ཞིག་དང་རང་ཉིད་ལ་འགྲམ་ལྕག་ཚ་ལེར་ཞིག་གཞུས་བསམ་སོང་། དེ་ནས་རྒྱུ་སྟོད་གྲྭ་ཚང་དང་ཀྱཻ་རྡོར་གྲྭ་ཚང་བརྒྱུད་ནས་ཚོགས་ཆེན་མཉམ་ཚོགས་ཡིན་དུས་ནང་ལ་མཇལ་རྗེས་རྡོ་གཅལ་ཐང་ལ་ཕེབས་ནས་ཡར་མར་ལ་གཟིགས་ནས་ཚོགས་བཞུགས་པ་དང་དགེ་འདུན་པ་ཚོ་ཅི་འདྲའི་ཡ་མཚར། གྲྭ་བ་ཚོའི་ཀུན་སྤྱོད། ཆོས་གསུངས་བའི་དབྱངས་རྟ། འདུ་ཁང་དང་གཙུག་ལག་ཁང་གི་བཟོ་དབྱིབས། དགོན་པ་ཆགས་སྟངས་མདོར་ན་ཡུན་རིང་ལོ་རྒྱུས་ལྡན་པའི་མདོ་སྔགས་བསྟན་པའི་འབྱུང་གནས་ཀྱི་ཟུར་རེ་རེ་ལ་ཁྱད་ཆོས་ཡོད་པར་དགའ་བ་སྒོམ་གྱིན་ང་ཚོར་ད་ཡག་པོ་འདུག་ཅེས་གསུངས་སོང་། ཁོང་གི་ཐུགས་ཡངས་དཀྱེལ་ཆེ་བ་དེ་འདྲ་མཚན་ཉིད་བ་དན་ཕྱོགས་བཅུར་ཁྱབ་པའི་གྲྭ་ས་ཞིག་གི་དགོན་བདག་གཞན་གྱིས་དང་ལེན་བྱ་ཐུབ་བམ། གོང་ནས་གསེར་ཁང་ནང་ལ་མཇལ་ནས་ཁོང་གིས་ཤམ་བྷ་ལའི་སྨོན་ལམ་དང་རྒྱལ་བ་མ་ལུས་མ་གསུངས་ཀྱིན་ཡོད་དུས་ང་ཚོའི་ནང་གི་མཇལ་བ་ཞིག་གིས་ནང་དུ་པར་ཆས་བསྐོར་མ་ཐག་དཀོར་གཉེར་གློ་བུར་སྒོ་བཞག་ཁར་ཐོན་ནས་ཅིག་ཅིག་ཚད་བརྒལ་གྱིས་ཚང་མའི་ནང་ལ་ཁྱོད་ཚོ་རྒྱ་མ་རེད། བོད་རེད། པར་ལེན་མི་ཆོག་པ་མ་ཤེས་སམ་ཞེས་སྐད་ཅིག་ཅིག་བཙན་ཡང་ཁོང་གིས་ལེགས་ལེགས་དང་བཅས་ཚིག་མཚམས་བཟུང་ནས་བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག་བསྔོ་བ་དང་སྨོན་ལམ་བརྒྱབས་ནས་ཕྱིར་སྒོར་ཕེབས་དུས་ང་རང་ཉིད་གྲྭ་ས་འདི་ལ་བག་ཆགས་དང་དུང་ཞེན་ཟབ་དྲགས་པས་དཀོར་གཉེར་དེ་གླེང་ན་སྔོན་ཆད་ནས་སུ་ཡིན་ཡང་པར་ལེན་མི་ཆོག་ཐལ་ཞེས་གསལ་བཤད་ཅིག་བྱེད་དགོས་པར་བསམ་ཡང་། ཁོང་གིས་དེའི་ཟུར་ཙམ་བསྐྱར་མ་སོང་། དེ་ལྟར་ཁོང་གིས་ང་ལ་འདི་ནས་ཟ་ཁང་གང་བཟང་གང་ཞིམ་དྲིས་ཀྱང་ངས་ལན་དུ་ཁ་ལ་ཞིམ་པ་ཁ་ཆེའི་ཟ་མ་དང་བཟོ་བཀོད་བོད་ཟས་ཁང་ངར་ནི་རེད་ཅེས་ལན་བཏབ་པ་ཡིན། ཁོང་གིས་ཧེ་ཧེ་བོད་ཟས་ཁང་ཡོད་བཞིན་དུ་དེར་མི་འགྲོ་འུ་ཚོ་མ་མཐའ་ཡང་མི་སུམ་ཅུ་ལྷག་གི་ཉིན་གུང་ཟས་རིན་གཞན་ཞིག་ལ་སྤྲད་ནས་ཅི་བྱ། སོང་ནས་འུ་ཅག་ཚང་མ་མཉམ་དུ་ཤོངས་སའི་བོད་ཟས་ཁང་ཡག་པོ་ཞིག་འཚོལ་གསུངས་ཞིང་དེ་ནས་ང་དང་ཁོང་གི་ཁ་ལོ་བ་ངེད་གཉིས་བླ་བྲང་ཧི་མ་ལའི་དགུ་ཐོག་ཏུ་སོང་ནས་བོད་ཟས་རྐྱང་རྐྱང་གྲ་སྒྲིག་བྱས་པ་ཡིན། རེད་དེ་མ་གཞི་ནས་སེར་ཤུལ་གྲོང་བརྡལ་ན་ཁ་ཆེ་གཅིག་ཀྱང་མེད་ལ་དེ་ནི་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱས་པ་མ་ཡིན་པར་རང་ས་རང་རང་གིས་སྤྱད་ན་ལེགས་པ་དང་རང་སྒོར་རང་གིས་བཀོལ་ན་ཡག་པའི་རྟོགས་པ་ཁོང་ལ་སྔ་མོ་ནས་སད་ཡོད་པ་དེ་རེད། དམིགས་བསལ་ཁོང་གི་གྲོང་བརྡལ་དེ་ན་དགོན་པའི་མཉམ་ལས་ཀྱི་སྔོ་ཚོད་བཙོང་ས་དང་དཀར་ཟས་ཁང་། གྲྭ་ལ་བོད་ལྭ་སོགས་བཙོང་སའི་དགོན་པ་རང་གི་ཚོང་ཁང་ཕལ་ཆེར་ལྔ་བཅུ་ལྷག་ཡོད་པར་བསམ་བྱུང་། ང་སྨན་ཁང་ལས་གྲོལ་རྗེས་རྒྱུན་དུ་སྔོ་ཚོད་དང་སིལ་ཏོག་སོགས་ཉོ་བར་སོང་དུས་དེ་ན་ཞོར་ཟས་མེད་ལ་སྔོ་ཚོད་སོགས་སི་ཁྲོན་ཚོའི་ཚོང་བ་ལས་ལྡབ་འགྱུར་གྱིས་རིན་གོང་སླ་ལ་གོ་ཐོས་ལ་ཕལ་ཆེར་ལེན་ས་ཟི་ལིང་དང་ཁྲིན་ཏུའུ་རིན་གོང་ལས་ཡར་མར་གྱི་རླངས་འཁོར་སྣུམ་གླ་མ་གཏོགས་ལེན་གི་མེད་པར་ཤེས་རྟོགས་བྱུང་ཡོད། རང་ས་རང་གིས་སྤྱད། རང་ཟས་རང་གིས་ཟོས། རང་ལྭ་རང་གིས་གྱོན། རང་སྐད་རང་གིས་བཤད། དེ་ལྟར་མང་དུ་ཡོད་ཀྱང་འཕྲོས་པར་འདོད་ནས་རེ་ཞིག་མཚམས་འཇོག་དགོས་སོང་། མདོ་ཁམས་རྫ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་ཞེས་ད་ལྟ་ཡུལ་ལུང་སོ་སོར་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་རྒྱས་པའི་དགོན་པ་འདི་ནི་གནས་མཆོག་རྫ་རྒྱལ་འཕན་པོའི་གཡས་ཕྱོགས་སུ་རྒྱབ་རི་གནས་བདག་འཁོར་ལོའི་གདོང་དང་མཆོག་རྒྱན་རི་བཀྲ་ཕྱུག་མོ་སོགས་རྒྱབ་རི་གཅིག་ལས་གཅིག་མཐོ་ཞིང་།  མདུན་དུ་རྩྭ་ཐང་ནོར་བུའི་ཐང་ཆེན་རིན་ཆེན་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པར་བཀྲ་བ་རང་ཆས་སུ་མངའ་བ། མི་ནོར་ཟས་གསུམ་ལ་ཕྱྭ་གཡང་འདོད་དགུའི་དངོས་གྲུབ་ཡིད་བཞིན་དུ་འབྱུང་བའི་ས་ཆ་དེར། དེང་གི་ཆར་དགེ་འདུན་འདུས་པ་རྒྱ་མཚོའི་སྐུ་གསུང་ཐུགས་གསུམ་གྱི་སྦྱོར་བ་དུང་ལྟར་དཀར་བའི་རྟེན་འབྱུང་དང་འགྲོ་བ་སེམས་ཅན་གྱི་ཐུགས་བསྐྱེད་སྨོན་ལམ་བཙན་པོའི་ལས་འཕྲོ་ལས་སེར་ཤུལ་དགོན་པའི་ཁྲི་རབས་སོ་བདུན་པ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་བསྐལ་ལྡན་དུ་མའི་མགོན་དུ་ཤར་ཡོད་ཅིང་།   ད་ལྟ་དགོན་པ་འདི་ནི་གྲྭ་ཚང་བཞི་ལྷག་གིས་གྲུབ་ཡོད་ཅིང་། གྲུབ་མཐའི་ཕྱོགས་ལྷུང་སོགས་ཅི་ཡང་མེད་པར་གཞུང་བཀའ་པོད་ལྔའི་ལས་ལ་ཐོས་བསམ་སྒོམ་གསུམ་གྱི་གོ་སྐབས་སྤྲད་པ་ནི་ཅི་འདྲའི་ཡིད་སྨོན་དང་དད་པའི་སྤུ་ལོང་གཡོས་འོས་ས་ཞིག་རེད་ཨང་། མ་ཟད་ལོ་བཅུ་ལྷག་གི་སྔོན་དུ་གྲོང་དང་གྲོང་ཁྱེར་ལ་བར་ཐག་རིང་ཞིང་འགྲིམ་འགྲུལ་དང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན་པའི་དབེན་གནས་ཞིག་དུ་སེར་ཤུལ་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཕེལ་གླིང་ཞེས་པའི་བཙུན་མའི་དགོན་པ་ཞིག་ཁོང་དང་དགོན་པ་ཁྲི་རིན་པོ་ཆེ་ཐུབ་བསྟན་དར་རྒྱས་རྣམ་གཉིས་ཀྱིས་ཕྱག་བཏབ་ཅིང་དེར་ཡང་མཚན་ཉིད་གྲྭ་ཚང་དང་སྨན་པ་གྲྭ་ཚང་ཞེས་གཉིས་སུ་ཕྱེས་ཡོད་དོ། སྨན་པ་གྲྭ་ཚང་ནི་མཚན་ཉིད་གྲྭ་ཚང་ལས་མི་གྲངས་ཀྱི་ཆ་ནས་ཅུང་རྒྱ་ཆུང་བ་ཡིན། ཅིའི་ཕྱིར་ས་གནས་དེ་འདྲ་ཞིག་ནས་སྨན་པ་གྲྭ་ཚང་འཛུགས་དགོས་པའི་དམིགས་ཡུལ་ནི་བཙུན་མ་རེ་རེ་ལ་འཕྲོད་བསྟེན་དང་བདེ་ཐང་མེད་ན་ཆོས་འཆད་ཉན་དང་སློབ་སྦྱོང་ཞེས་པ་རི་བོང་གི་རྭ་ལྟར་དཀོན་པའི་རྒྱུ་མཚན་གྱིས་མ་ཡིན་ནམ། ནམ་རྒྱུན་སྨན་པ་གྲྭ་ཚང་གིས་བཙུན་མ་རེ་རེ་ཡི་བདེ་ཐང་ལ་དོ་ཁུར་བླ་མེད་གནང་བཞིན་མཆིས་སོ། །ད་ལོ་སེར་ཤུལ་དགོན་དགའ་ལྡན་བཤད་སྒྲུབ་ཆོས་འཕེལ་གླིང་གི་ཡ་གྱལ་སེར་ཤུལ་བཙུན་མའི་བྱམས་སྐྱོང་ནད་མེད་ཚེ་བསྲིང་གླིང་ཞེས་པ་ཞིག་གཙོ་བོ་བོད་ལུགས་བསྐུ་མཉེ་གཙོར་མཛད་པའི་ཉེས་གསུམ་གསོ་བཅོས་ཁང་ཞིག་སེར་ཤུལ་གྲོང་བརྡལ་ནས་དགོན་པ་ཁྲི་རིན་པོ་ཆེའི་ཐུགས་སྨོན་དང་རྒྱབ་སྐྱོར་དེ་མིན་སྨན་པ་གྲྭ་ཚང་ཡོངས་ཀྱི་དཀའ་སྤྱད་སྙིང་རུས་གཞན་ང་དང་ངའི་ལས་གྲོགས་ཚེ་རིང་དོན་གྲུབ་བཅས་ཀྱི་གྲུབ་འབྲས་ལ་བརྟེན་ཏེ་ཐོག་མར་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་ཀྱི་ལམ་ཁ་ལ་ཞོག་ཡོད། ཟླ་བ་ལྔ་ལྷག་གི་གྲུབ་འབྲས་ཁྲོད་འདི་གའི་མང་ཚོགས་ཀྱི་ཆ་རྐྱེན་ཞན་པ་དང་ཚེ་སྲོག་གི་ཉེན་ཁར་ལྷུང་བའི་ནད་པ་ཉམ་ཆུང་གང་མང་ཞིག་ལ་རང་ཉིད་ཀྱི་གསོ་བཅོས་འཛིན་བྱང་ལ་སྒོར་གཉིས་ཡོད་ཅིང་དེ་བསགས་ནས་ད་སྔའི་བར་དུ་ནད་པ་སུམ་ཅུ་རྩ་གྲངས་ལ་སྨན་སྦྱིན་གནང་བ་ཡིན། དེ་མ་ཟད་རྒན་གསོ་ཁང་དུ་ཐེངས་གཉིས་ལ་སྨན་སྦྱིན་དུ་སོང་བ་ཡིན་ལ། སེར་ཤུལ་བཙུན་མའི་བྱམས་སྐྱོང་ནད་མེད་ཚེ་བསྲིང་གླིང་གིས་སྔ་གཞུག་དུ་སྒོར་ཁྲི་གཉིས་ལྷག་དང་མི་རང་སྒེར་ནས་སྒོར་ཁྲི་གཉིས་ལྷག་སྨན་སྦྱིན་གནང་བ་ཡིན། རྒན་གསོ་ཁང་འདི་ཡང་བདག་པོ་གཉོར་སྐྱོང་མེད་པའི་དཀའ་ཁག་ཅན་ལ་གཙོ་ཆེར་དམིགས་པ་ཡིན་ཞིང་། ཟ་མ་དང་ཉལ་ས་ཆ་ཚང་བཀོད་སྒྲིག་ཡོད་ཅིང་། རྒན་གསོ་ཁང་གི་ར་བསྐོར་དུ་དཀར་པོ་དགེ་བའི་ཕྱོགས་ལ་བརྩོན་སའི་མ་ཎི་འཁོར་ལོ་མང་པོ་བཞག་ཡོད་ཅིང་། རྒན་རྒོན་དེ་དག་གིས་ནམ་རྒྱུན་ཟ་མ་ཟོས་ཚར་རྗེས་འཁོར་ལོ་བསྐོར་བ་དང་ཁ་ཏོན་དགེ་སྦྱོར་ལ་འབད་བཞིན་མཆིས་སོ། ། 
དེ་ལྟར་ཁོང་གི་མཛད་རྣམ་རེ་རེ་ཡིད་ལ་དྲན་ཐེངས་རེར་བདག་གིས་མི་ལོ་བཅུ་ལྷག་ལ་མདོ་དབུས་ཁམས་གསུམ་དུ་སློབ་གཉེར་ལ་སོང་བའི་བོད་ལུགས་བསྐུ་མཉེ་གཙོ་བྱས་པའི་ནད་ཐོག་ལག་ལེན་སོགས་ཤེས་ཚོད་ལྕོགས་ཚོད་དེ་མ་ནོར་མ་འཁྲུལ་བར་ལས་གཉེར་སློབ་གྲྭའི་སློབ་མ་བཅུ་ཕྲག་ལྷག་དང་བཙུན་མ་དགོན་པའི་སྨན་པ་གྲྭ་ཚང་སྤྱི་དང་དངོས་སྦྱོང་བ་མཐའ་དག་ལ་སྔ་དྲོ་དུས་ཚོད་དྲུག་ནས་དཔྱད་བཅོས་ཁང་ནས་སྐྱོར་སྦྱང་དང་ཉིན་རེར་གསོ་བྱ་དྲུག་ཅུ་ལྷག་ལ་ལྟ་ཞོར་དགོང་མོ་ཕལ་ཆེར་དུས་ཚོད་བཅུ་ལྷག་བར་དུ་ངེད་སློབ་གྲོགས་ཚོས་མཉམ་རུབ་ཀྱིས་སློབ་གཉེར་བྱས་པ་ཡིན། བདག་ངལ་གསོའི་དུས་སྐབས་ཏེ་མཚན་ཉིད་གྲྭ་ཚང་ངལ་གསོའི་ཉིན་གཟའ་པ་སངས་ལ་ཁེལ་ཡོད་ཅིང་ངོ་ཤེས་གྲྭ་བ་འགའ་དང་ཡར་མར་ལ་འགྲོ་བསམ་ཡང་ལུས་ཟུངས་ཟད་ཅིང་ཤ་རིད་ཉམ་ཆུང་བའི་ནད་པ་གང་མང་ཞིག་གི་ནད་བདག་ཚོས་ཞུ་བ་བྱས་རྗེས་ཡང་ངོ་མ་ལྡོག་པར་ནད་པར་ལྟ་རུ་སོང་ཞིང་སྨན་ཁང་ཆེན་པོ་དང་ཚད་ལྡན་བརྟག་དཔྱད་ཀྱིས་ཤི་ཐག་ཆོད་པའི་ནད་པ་དེ་ཚོར་མཐོང་ན་མིག་ནས་མཆི་མ་ཤོར་ལ་སྙིང་ལ་ཟུག་གཟེར་རྒྱག  ཕྲན་ལྟ་བུ་ཞིག་གིས་ཅི་ཡང་མི་ནུས་ཀྱང་ནད་པ་རེ་རེར་སེམས་གསོ་དང་མདོར་ན་རང་གི་སྒོར་ཁུག་ལས་ཡོད་ཚད་ལག་ནས་ཤོར་སོང་བ་ཡང་ཉུང་ཉུང་མིན། མཚམས་རེར་ཆ་རྐྱེན་བཟང་བའི་ཁྱིམ་ཚང་རེ་རེར་འཕྲད་དུས་ཁོ་ཚོས་ང་ལ་བཀའ་དྲིན་མཚོན་ཕྱིར་དུ་སྒོར་བརྒྱ་དང་སྟོང་སོགས་སྟེར་བ་བསྡོམས་ཞིག་བརྒྱབས་ཡོད་པའི་དབང་དུ་བཏང་ན་དེ་རིང་སྒོར་ཁྲི་གསུམ་ལྷག་འདུག་པ་ཐེ་ཚོམ་མེད་ལ་སྤྱིར་སོར་སྐྱེས་ཕལ་བ་ཞིག་དང་ཁྱིམ་པ་བ་ཞིག་རྒྱུ་ནོར་ལ་མི་འཁྲེང་བ་དཀའ་མོད། ད་སྔའི་བར་དུ་ནད་པ་ཉམ་ཆུང་དག་གི་ལག་ནས་སྒོར་གཅིག་ཀྱང་བླངས་མྱོང་མེད་པ་དེ་ནི་སྐྱབས་རྗེ་ཁྲི་བ་རིན་པོ་ཆེ་ཁོང་གིས་ཉམ་ཆུང་ནད་པར་བྱམས་པ་དང་བརྩེ་བས་ཇི་ལྟར་སྐྱོངས་བའི་གོམས་གཤིས་ཡག་པ་དེས་བདག་ལ་ཏག་ཏག་སེམས་ངོས་ནས་བརྗེད་དཀའ་བའི་ན་ཟུག་ཞིག་དང་བག་ཆགས་ཟབ་མོ་བཞག་པ་དེས་བཀའ་དྲིན་ཡིན་ལ་ནམ་ཡང་འདོད་ཆུང་ཆོག་ཤེས་དང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བའི་ས་བོན་ཙམ་དང་ངེས་ཤེས་ཕྲན་ཙམ་བདག་བློ་ལ་བསྩལ་བ་ནམ་ཡང་རང་སྒེར་ནས་ཁོང་ལ་བཀའ་དྲིན་ཞུ་བཞིན་ཡོད། 


ཁྱེད་དང་ཐག་ཉེ་སར་བཅར་ཚུལ་དང་སྐུའི་འཁྲུངས་སྐར་ལ་བསྟུན་ནས་ཚིགས་སུ་བཅད་པ་འདི་ལྟར། 

                                                         ༢༠༡༧-༡༠-༩

གང་སྐུའི་ཡོན་ཏན་ཚིག་གིས་མི་ཤོད་ཀྱང་། །
 ད་རེ་ཉིད་ཀྱི་འཁྲུངས་སྐར་རྟེན་འབྲེལ་ལ། ། 
བདེན་པས་བསླུས་པའི་བདག་གི་སྣང་བརྙན་འདི། །
 ཕྱི་ལ་ཅུང་ཙམ་བཤམས་ན་འདི་ལྟར་རོ། ། 
རུས་པ་ཆོས་ལ་བརྡར་པའི་སྐྱེས་བུ་སུ། །
 བསམ་པ་མི་ལ་ཕུལ་བའི་བརྩེ་བ་གང་། ། 
མི་ཚེ་བོད་ལ་བྱིན་པའི་ཁྱེད་སྐུ་ནི། ། 
ཤར་ནུབ་རི་བོའི་རྩེ་ན་གསལ་ལེར་འཛུམ། །
 ས་སྟེང་འདི་ན་རིན་ཆེན་སྣ་དགུ་ལ། ། 
རང་སྟོབས་ལྟར་དུ་མདོག་ཙམ་ཡོད་པར་འདོད། ། 
རྣམ་དག་ལྷད་མེད་འོད་ཀྱི་གོང་བུ་ཁྱེད། ། 
ནམ་མཁའི་ཁྱོན་འདིར་སུས་ཀྱང་འགྲན་ཟླར་ཉུང་། ། 
གདུལ་བྱའི་སྣང་ངོར་ཁྱེད་ནི་ལྷ་རུ་བསམ། ། 
ང་ཡི་སེམས་ནས་ཁྱེད་ནི་མི་རུ་བཀུར། ། 
མི་ཡི་ནང་ནས་རླབས་ཆེན་སྐྱེས་པུ་ཞིག།
 ཁྱེད་འདྲར་འཕྲད་པ་ད་རེ་ཙམ་ཞིག་འདོད། ། 
མཐོན་པོའི་དཔོན་ལྟར་མི་འགྱིངས་དམའ་སར་འབབ། །
 དམའ་མོའི་འབངས་ལ་རང་གི་སྲོག་ཡང་སྦྱིན། །
 ཉམ་ཆུང་ནད་པར་རང་གི་མ་བཞིན་བརྩི། །
 བདག་མེད་དྭ་ཕྲུག་རང་གི་སྤྱན་ལྟར་གཅེས། །

 དེང་དུས་བླ་རྫུན་སྒོར་མོའི་དོན་ལ་ལྕེབས། ། 
ད་བར་བླ་མས་རང་ཁྱིམ་དཔྱིད་དུ་བསྐྲུན། ། 
ཆོས་དད་མུན་པའི་བྱིངས་ན་འཁོར་བའི་དུས། ། 
ཁྱེད་དང་ཁྱེད་འདྲའི་མཛད་པ་མཐར་ཕྱིན་ཤོག། 
ལྟ་བ་ཅི་ཡིན་རྒོལ་ལན་མི་སྤྲོད་ཅིང་། ། 
མཚན་དང་སྙན་གྲཊ་རྩ་ཆེན་མི་འཛིན་པའི། ། 
རང་ཚོད་ནུས་པས་གཞན་ལ་སྲི་ཞུ་དེས། ། 
ཚོར་བ་རྡོ་ཞིག་མིན་ན་འགུལ་བར་ངེས། ། 
བན་བོན་བརྩད་ནས་རང་སྡེ་མི་སྐྱོང་བར། ། 
གསར་རྙིང་བྲིས་ནས་ཆོས་འདི་མི་སྤེལ་བར། ། 
ལྷ་སྡེ་མི་སྡེ་བྲན་གཡོག་མི་བཀོལ་བའི། ། 
མི་མཆོག་ཁྱེད་འདྲ་སྐུ་ཚེ་ཞབས་པད་བརྟན། ། 
ལོ་དེར་ཁྱེད་དང་མཇལ་བའི་ཉིན་མོ་དྲན། ། 
རྒྱས་སྲས་སྤྱོད་པའི་རྣམ་ཐར་ལྷག་ཏུ་དྲན། ། 
རིས་མེད་གྲུབ་མཐའི་སྟོན་པ་ཁྱེད་ལྟ་བུ། ། 
ཕྱོགས་ཞེན་དུག་གི་གཉེན་པོ་ཁོ་ན་སྟེ། ། 
ནང་བསྟན་སློབ་གླིང་ཁྱེད་ཀྱི་སྐུ་ཡི་རྒྱན། ། 
ལས་གཉེར་སློབ་གྲྭ་ཁྱེད་ཀྱི་གསུང་གི་དབྱངས། ། 
ཉམ་ཐག་རྒན་གསོ་ཁྱེད་ཀྱི་ཐུགས་ཀྱི་བུ། ། 
སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཞན་ལས་འཕགས། ། 
ཟླ་གཉིས་ཁྱེད་གསུངས་དང་དུ་བླངས་ནས་ཡོང་། ། 
ལོ་གཉིས་ཁྱེད་ཀྱི་བྱམས་བརྩེར་ཐོགས་སོང་ངོ་། ། 
ད་ནི་ཕྲན་གྱི་ནད་དང་ས་མཐོ་ཡིས། ། 
ཁྱེད་སྐུ་ཉི་ཟླའི་འོད་ལ་གྱེས་རན་ཡོང་། ། 
གུས་པས་བརྟག་ཐབས་དེ་ནི་འཁྲུལ་མེད་ན། ། 
ཁྱེད་སྐུའི་རྩ་དང་ཁམས་ལ་དཔྱད་ཐེངས་རེར། ། 
མཁལ་འགྲམས་ནད་དང་མཆིན་ནུས་ཞན་པ་དང་། ། 
ཟུངས་སོགས་གསོ་བར་རེམས་ཤིག་ཡང་ཡང་སྐུལ། ། 
སྤྱིར་ན་ང་ནི་བླ་མིང་ཡོད་ཚད་ལ། ། 
གུས་ཤིང་དད་པ་མེད་པའི་ལོག་ལྟ་ཅན། ། 
ཡིན་ཡང་ཁྱེད་ཀྱི་ཐུགས་དགོངས་ཡངས་པོ་དེས། ། 
སྒོ་གསུམ་འདུལ་བའི་སྡོམ་ཞིག་དབང་མེད་བསྩལ། ། 

ཅེས་བླ་མ་ཁོང་དང་མཇལ་འཕྲད་ཀྱི་དངོས་བྲིས་འདི་༢༠༡༧ ལོའི་བོད་ཟླ་༡༡པའི་ཚེས༡ཉིན་གྱི་སྔ་དྲོ་གཟའ་མིག་དམར་དང་ཁོང་གི་བཀྲ་ཤིས་པའི་བླ་གཟའ་དང་བསྟུན་ནས་ཧོར་གཙང་བསོད་ནམས་སམ་གཙང་བོར་འབོད་པ་དེས་ཁོང་གི་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་ཉི་ཟླ་ལྟར་གསལ་བའི་སྨོན་ལམ་ལན་བརྒྱར་ཞུ་བ་དང་ཆབས་ཅིག་གྱི་ན་བ་བདག་གྲང་རེག་དང་མཐོ་སྒང་ནས་ཡུན་རིང་བསྡད་དྲགས་སྟབས་ཚིགས་དམིགས་ན་བ་དང་། གཞན་ཕྲན་ལྟ་བུ་ལ་ཤེས་བྱ་ཡོན་ཏན་གང་གི་ཆ་ནས་དབུལ་ཞིང་ཕན་ནུས་ཐོན་དཀའ་བས་ཡང་བསྐྱར་ཐེངས་གཉིས་པ་ཁྱེད་ཀྱི་སྙན་ཞལ་དུ་གནང་བ་ཞུས་པ་ལགས་པས་དགོངས་པ་ཡོད་པར་ཞུ་ཞུ་བཅས་མཇུག་བསྡུས་པའོ།།    མཐར་བྱ་བའི་བྲེལ་འཚུབ་ཀྱི་ཁྲོད་ནས་ཟིན་བྲིས་བཏབ་པ་འདི་ལ་ཡིག་ནོར་དང་ཚིག་སྐྱོན་སོགས་གང་མང་མཆིས་སྲིད་པས་དགོངས་འགལ་མེད་པར་ཞུ། 



རྩོམ་སྒྲིག་པ་སེར་ཤུལ་རྡོ་རྗེ།



སྒྲ་ལམ་སློབ་ཚན་ཕབ་ལེན།