༢༠༡༧ལོའི་ཞལ་ངོ་རྣམ་གཉིས་ཀྱི་ཁྲི་འདོན།

དུས་ཚོད།2017-12-16 11:57ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་སྐུ་གཤེགས་ནས་ལོ་འཁོར་ལྔ་བརྒྱ་དང་དགུ་བཅུ་གོ་བརྒྱད་ལོན་པའི་ད་ལོའི་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་ལོ་སྔོན་མའི་ཞལ་ངོའི་ལས་ཁུར་མཐར་ཕྱིན་ནས་ཞལ་ངོ་གསར་པ་རྒན་གཞོན་གཉིས་ཀྱི་ཁྲི་སྟོན་གྱི་མཛད་སྒོ་ལེགས་པར་སྤེལ།

  


ཞལ་ངོ་རྒན་པ་ཁོང་གི་སྐྱེ་རྒྱུད་ཀྱི་ཡབ་ནི་རིག་ཚེ་དང་། དེའི་ཡབ་རྒྱ་འབུར། དེའི་ཡབ་བདེ་བའི་ཀུན་དབང་ཡིན། མ་རྒྱུད་ཀྱི་རུས་ནི་དམ་ཚིག་སྒྲོལ་མ་དང་། དེའི་མ་ཡུམ་སོག་པོའི་རྟ་མགྲིན། དེའི་ཡབ་སོག་པོའི་སྐལ་བཟང་སྦྱིན་པ་བཅས་ཡིན། ད་ལམ་སྐབས་སུ་བབས་པ་ཞལ་ངོ་རྒན་པ་ཁོང་གི་ཡབ་ཡུམ་གྱི་རིགས་རུས་གདུང་རྒྱུད་མདོ་ཙམ་གླེང་བ་བཞག་ནས། ཁོང་གི་རྣམ་པར་ཐར་བ་མདོ་ཙམ་བརྗོད་ན།  ཁོང་ནི་དགུང་ལོ་བཅུ་དྲུག་བསླེབས་པ་ན་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་ཆོས་བཞུགས་མཛད་དེ་སྙིགས་དུས་ཀྱི་འདུལ་བ་འཛིན་པ་ཆེན་མོ་༧རྗེ་བཙུན་ཐུབ་བསྟན་དབང་བོ། ཁྲི་ཆེན་སྐལ་བཟང་། ཁྲི་ཆེན་ངག་དབང་ལེགས་འོང་། དགེ་བཤེས་ཐུབ་བསྟན་མགོན་པོ་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་ཐུབ་བསྟན་ལྷུན་གྲུབ་བཏགས།

 


དེ་ནས་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་གི་ཆོ་ག་ཆོས་སྤྱོད་དང་འདོན་རྟ་དབྱངས་སོགས་དང་ཚོགས་ཆེན་གྱི་བཅའ་འདོན་གདུང་དབྱངས་སོགས་བྱང་ཆུབ་པར་མཛད་དེ་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་དང། ཚོགས་ཆེན་གཉིས་ཀའི་གདུང་གྲལ་བ་མཛད། དེ་ནས་གྲྭ་ཚང་རིན་པོ་ཆེའི་དོ་དམ་པ་ལོ་གཉིས་ཀྱི་རིང་ལ་མཛད་ཅིང་། འཛིན་གྲྭ་གཞུང་གསར་ནས་མཆོག་སྤྲུལ་བསོད་ནམས་སེངྒེ་དང་ཁོང་རྣམ་གཉིས་ཀྱིས་ཆོས་འཁོར་ཚོགས་ལངས་མཛད་དེ་རིམ་བཞིན་མཁན་ཆེན་བསོད་ནམས་གྲགས་པ་དང་མཉམ་དུའང་དྲང་ངེས་ལེགས་བཤད་སྙིང་བོའི་ཚོགས་ལངས་མཛད། ལྷ་རམས་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེན་ཚུལ་ཁྲིམས་མཆོག་དང་མཉམ་དུ་ཚད་མ་རྣམ་འགྲེལ་གྱི་ཚོགས་ལངས་མཛད་པ་སོགས་བསྟན་པའི་མིག་རྒྱན་དུ་མཛེས་པར་བྱས། གནས་བསྟན་འདུལ་བ་འཛིན་པ་ཆེན་པོ་ཁྲི་ཆེན་བློ་བཟང་བསྟན་འཛིན་དང་མཁན་ཆེན་བློ་བཟང་རྣམ་རྒྱལ་སོགས་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་ཕྱི་མ་སྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཇི་ལྟར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་འབྲས་ལྟར་བསྲུང་བར་མཛད།

 


དེ་ནས་ཁོང་གིས་ཁྲི་ཆེན་ངག་དབང་ལེགས་འོང་གིས་གྲྭ་ཚང་མཁན་པོ་མཛད་སྐབས་ཉི་ཤུའི་ཆོས་མཚམས་གཅིག་ལ་དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན་ཐུགས་འཛིན་མཛད་དེ་དགུན་ཆོས་ཆེན་མོའི་ཚོགས་བསགས་པ་མཛད་ནས་བརྒྱ་བཤད་ཚིག་ལ་མི་ཐོགས། སྟོང་སྐུད་སྒྲིམ་པ་མདུད་པ་ལ་མི་ཐོགས་ཞེས་པའི་དཔེ་ལྟར་སྒྲ་དག་གསལ་གསུམ་གྱིས་སྐྱོར།   གྲྭ་ཚང་རིན་པོ་ཆེའི་དཔེ་རྒྱུགས་ལ་ཕར་ཕྱིན་སྐབས་དང་པོའི་སྤྱི་དོན་དང་།  བྱང་ཆུབ་ལམ་རིམ་ཆེ་འབྲིང་གཉིས་ཀྱི་ཞི་ལྷག་ཡན་ཆད། གྲུབ་དོན་ས་གསུམ་སོགས་དཔེ་རྒྱུགས་སྣེ་རིང་དེབ་མ་ཆིག་སྟོང་ཉིས་བརྒྱ་ལྷག་བཅས་སྤྲད། དེ་ནས་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་དགུ་བ་ཇོ་བོ་དགོན་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་འཚོགས་སྐབས་རྗེ་བདག་ཉིད་ཆེན་པོའི་ལྟ་བའི་ལེགས་བཤད་ལྔའི་ནང་ཚན་དབུ་སེམས་ཀྱི་ལྟ་བའི་གནད་གསལ་བོར་སྟོན་པའི་བསྟན་བཅོས་ལེགས་བཤད་སྙིང་བོ་ཐུགས་འཛིན་མཛད་ནས་རྒྱུགས་སྤྲོད་ཀྱི་ཨང་རིམ་དང་པོ་ཐོབ། ཐེངས་བཅུ་དྲུག་པ་ལབ་དགོན་ཆེན་དུ་སྐབས་དང་པོའི་ཚད་མ་རབ་འབྱམས་པའི་རྒྱུགས་སྤྲོད་ལེགས་པར་མཛད། མཐོ་རིམ་དགེ་བཤེས་ནང་བསྟན་སློབ་གླིང་གི་དབུ་མཛད་ཆེན་མོའི་ལས་ཁུར་བགྲང་བྱ་བཅོ་ལྔ་ལྷག་མཛད། དེ་ནས་ཉིས་སྟོང་བཅོ་དྲུག་ལོར་དགེ་བཤེས་རབ་འབྱམས་པའི་མཚན་རྟགས་བཞེས། ད་ལམ་སེར་ཤུལ་དགོན་གྱི་བསྟན་བདག་༧སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུ་མཆོག་དང་། ཁྲི་ཟུར་ཐུབ་བསྟན་འོད་སྲུང་གཉིས་ཀྱི་བཀའ་དགོངས་འོག་ནས་སེར་ཤུལ་དགོན་གྱི་ཞལ་ངོ་རྒན་པའི་ལས་སྒོ་མཛད་དགོས་པའི་བཀའ་ཕེབས་དང་དུ་བླངས་ནས་༢༠༡༧ལོའི་བོད་ཟླ་༡༠ ཚེས་༢༥ཉིན་ཁྲི་སྟོན་གྱི་མཛད་སྒོ་དངོས་སུ་དབུ་ཚུགས་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སོ། །

 

 

ཞལ་ངོ་གཞོན་པ་དཀོན་མཆོག་བསྟན་རྒྱས་ལགས་ནི། ༡༩༦༦ ལོར་ཡབ་སྙན་གྲགས་དང་ཡུམ་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ནི་དགུང་ལོ་ཉེར་གཅིག་དང་ཉེར་བདུན་ལ་རིམ་པའི་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་འདུལ་བ་འཛིན་པ་ཆེན་མོ་༧རྗེ་བཙུན་ཐུབ་བསྟན་དབང་བོ་སོགས་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དང་ཚིག་ཕྱི་མ་དགེ་སློང་གི་སྡོམ་པ་ལེགས་པར་བཞེས། མཚན་ལ་ཐུབ་བསྟན་བློ་གསལ་ཞེས་བཏགས། དགུང་ལོ་ཉེར་གཉིས་ཐོག་མདོ་ཁམས་བསྟན་པའི་མཛེས་རྒྱན་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་ཆོས་ཞུགས་བྱས། དགོན་པ་རང་གི་འཚོགས་ཆེན་དང་གསང་སྔགས་རྒྱུད་པ་གྲྭ་ཚང་གཉིས་ཀྱི་གསུང་བྱ་ཆོ་ག་ཆོས་སྤྱོད་དང་འདོན་རྟ་དབྱངས། བཅའ་འདོན་གདུང་གསུམ་སོགས་བྱང་ཆུབ་པར་མཛད་དེ་དཔལ་ལྡན་རྒྱུད་པ་གྲྭ་ཚང་དང། འཚོགས་ཆེན་གཉིས་ཀའི་གདུང་གྲལ་བ་མཛད། དེ་ནས་གསང་སྔགས་རྒྱུད་པ་གྲྭ་ཚང་གི་གསང་བདེ་འཇིགས་གསུམ་གྱི་རྡུལ་ཚོན་དང་དབྱངས་དཔོན་སོགས་མཛད་པར་མ་ཟད། སྤྱི་ལོ་༢༠༠༠ ཐམ་པའི་ལོར་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་པ་སློབ་གཉེར་ལེགས་པར་མཛད། དགུང་ལོ་ཞེ་གཉིས་ནས་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་བསྐོས་ལོ་གསུམ་ལ་མཛད། དགེ་བསྐོས་མཐར་ཕྱིན་མཚམས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྡུལ་ཚོན་པ་མཛད། དགུང་ལོ་ལྔ་བཅུའི་ཐོག་དགེ་བཤེས་ཀྱི་མཚན་རྟགས་བཞེས་ནས་གཏོང་སྒོ་རྒྱ་ཆེན་བཏང་བ་དང་། ལྷ་ལྡན་སྨོན་ལམ་ཆེན་མོའི་དམ་འཇོག་དང་འཛིན་སྐྱོར་སོགས་ལེགས་པར་གནང་ནས་ཚོགས་གཉིས་ཟུང་འབྲེལ་གྱི་མཛད་བཟང་བླ་མེད་སྒྲུབ།  ད་ལམ་སེར་ཤུལ་དགོན་གྱི་བསྟན་བདག་༧སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུ་མཆོག་དང་། ཁྲི་ཟུར་ཐུབ་བསྟན་འོད་སྲུང་གཉིས་ཀྱི་བཀའ་དགོངས་འོག་ནས་སེར་ཤུལ་དགོན་གྱི་ཞལ་ངོ་གཞོན་པའི་ལས་སྒོ་མཛད་དགོས་པའི་བཀའ་ཕེབས་དང་དུ་བླངས་ནས་༢༠༡༧ལོའི་བོད་ཟླ་༡༠ ཚེས་༢༥ཉིན་ཁྲི་སྟོན་གྱི་མཛད་སྒོ་དངོས་སུ་དབུ་ཚུགས་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སོ། །


 

 

ཞལ་ངོ་རྣམ་གཉིས་ཀྱི་ངོ་སྤྲོད་མཁོ་འདོན་པ་ཁྲི་དཀོན་མཆོག་ཐོས་བསམ་ཡིན།

རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།

པར་ལེན་པ།  སྐུ་འབུམ་སྐྱབས། 



 

སྒྲ་ལམ་སློབ་ཚན་ཕབ་ལེན།