2017ལོའི་རྫ་སེར་ཤུལ་དགོན་གྱི་དགའ་ལྡན་ལྔ་མཆོད་ཆེན་མོ།

དུས་ཚོད།2017-12-13 11:23ཡོང་ཁུངས།རྩོམ་པ་པོ། མགར་ཐར་བཀྲ་ཤིས་ཆོས་ལྡན།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

 

བཞི་མཆོད་ཆེན་མོ།          

     བཞི་མཆོད་ཆེན་མོ་ནི་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་དགོངས་པ་རྫོགས་པའི་དུས་ཡིན།  ཁོང་ནི་དགེ་ལུགས་པའི་བསྟན་སྲིད་དར་རྒྱས་གནང་མཁན་གྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་ཞིང༌།  རབ་བྱུང་དྲུག་པའི་ཆུ་འབྲུག་ལོར་སྐུ་འཁྲུངས། རབ་བྱུང་བདུན་པའི་ས་གླང་ལོར་ཏཱ་མིང་གོང་མས་རྗེ་རིན་པོ་ཆེ་ཡང་ཡང་གདན་དྲངས་ཀྱང་མ་ཕེབས་པར།   ཁོང་གིས་རྗེ་བླ་མའི་སྐུ་ཚབ་མཛད་ནས་རྒྱ་ནག་ཏུ་ལན་གཉིས་ལ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར།   རབ་བྱུང་བདུན་པའི་ས་ཕག་ལོ་ལ་ཆོས་སྡེ་ཆེན་མོ་སེ་ར་དགོན་པ་ཕྱག་བཏབ།  རབ་བྱུང་བདུན་པའི་ཤིང་ཡོས་ལོར་རྒྱ་ནག་ནས་བོད་ལ་ཕྱིར་ཕེབས་སྐབས་ལམ་བར་དུ་སྐུ་འདས་ཤིང་།  དེ་ནི་ཏག་ཏག་ཧོར་ཟླ་བཅུ་པའི་ཚེས་ཉེར་བཞི་ལ་ཁེལ་ཡོད་པས།  ཕྱིས་སུ་བོད་ཀྱི་རི་བོ་དགེ་ལྡན་པའི་དགོན་སྡེ་སྤྱི་དང་ཁྱད་པར་དུ་སེ་ར་དགོན་པའི་ཁོངས་གཏོགས་ཀྱི་བུ་དགོན་དག་གིས་ཁོང་ལ་འདས་མཆོད་བྱེད་པའི་སྲོལ་ཆགས་ཡོད། 

 

 

 

      དེ་བཞིན་དུ་མདོ་ཁམས་བསྟན་པའི་མཛེས་རྒྱན་དམ་པ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུའང་།   ཁོང་གི་དགོངས་རྫོགས་ཀྱི་དུས་ཆེན་དང་འབྲེལ་ནས་དགེ་ཚོགས་རྒྱ་ཆེན་བསག་པ་ཡོད་དེ།  ཉིན་དེར་ཚོགས་ཆེན་ཁྲི་པས་བཅའ་ཡིག་རྩ་ཆེན་ཚིག་ཆེན་མོ་འདུས་མང་ལ་བསྒྲགས་པ་དང་།  ཚོགས་ཆེན་དབུ་མཛད་ལགས་གཙོ་བོར་གྱུར་པའི་འདུས་མང་གིས་གུང་ཚིགས་སྐབས།   དཔལ་གསང་བ་འདུས་པའི་ཆོ་ག་རྒྱས་པར་གཏོང་པ།   ཉིན་དེའི་དགོང་མོར་ཐོས་བསམ་གླིང་གྲྭ་ཚང་གིས་བསྟན་བཅོས་དབུ་མ་འཇུག་པ་དང་མངོན་རྟོགས་རྒྱན་སོགས་ཞལ་འདོན་མཛད་པ་དང་།  དཔལ་ལྡན་རྒྱུད་པ་གྲྭ་ཚང་གིས་དཔལ་གསང་བ་འདུས་པའི་རྩ་རྒྱུད་དབྱངས་སུ་འགུག་ནས་གསུངས་པ་དང་།  ཁྱད་པར་དུ་འདུ་ཁང་དང་གྲྭ་ཤག་སོ་སོའི་སྒེའུ་ཁུང་དང་རབ་གསལ་དག་ཏུ་གློག་སྒྲོན་དང་མར་མེ་མང་པོ་བསྟར་ཕྲེང་བསྒྲིགས་ཏེ།    འདུས་མང་ཡོངས་ཀྱིས་བླ་མའི་ཐུགས་དགོངས་རྫོགས་པ་དང་རང་གི་ཆོས་མཐར་ཕྱིན་པའི་སྨོན་ལམ་ལེགས་པར་འདེབས་ཤིང་།   དེ་མཚུངས་སུ་ཡུལ་འདིའི་ལྷ་སྡེ་དག་གིས་ཀྱང་དུས་ཚིགས་ཁྱད་པར་ཅན་དེ་དང་བསྟུན་ནས་དགེ་ལས་ལ་གཅིག་ཏུ་འབད་པས་འཇུག་པའི་སྲོལ་ཆགས་ཡོད།

 

 

 

དགའ་ལྡན་ལྔ་མཆོད་ཆེན་མོ།

 

     དགའ་ལྡན་ལྔ་མཆོད་ཆེན་མོ་ནི་སྙན་གྲགས་ཀྱི་བ་དན་ས་གསུམ་ལ་གཡོ་བའི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་སྐུ་ཞི་བར་གཤེགས་པའི་དུས་མཆོད་ཡིན།   ཁོང་ནི་རི་བོ་དགེ་ལུགས་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་ཡིན་ཞིང༌། རབ་བྱུང་དྲུག་པའི་མེ་བྱ་ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས།  དགུང་ལོ་གསུམ་པར་ཀརྨ་པ་སྐུ་ཕྲེང་བཞི་པའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས།  དགུང་ལོ་བདུན་པའི་ཐོག་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་མདུན་ནས་རབ་ཏུ་བྱུང་ཞིང་མདོ་སྡེ་རྒྱན་སོགས་གཞུང་མང་པོར་བསླབས།  དགུང་ལོ་བཅུ་དྲུག་སྐབས་དབུས་སུ་ཕེབས་ནས་རྗེ་བཙུན་རེ་མདའ་བ་སོགས་བླ་མ་བཅུ་ཕྲག་བཞི་ཙམ་གྱི་མདུན་ནས་གསོ་རིག་དང་སྒྲ་གཞུང་།   སྙན་ངག་དང་དཀར་རྩིས།  ཁྱད་པར་དུ་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པར་མཛད།  སྐབས་དེར་བོད་ཡུལ་ཀུན་ཏུ་འདུལ་བའི་བསྟན་པ་ཧ་ཅང་ཉམས་དམན་པར་གཟིགས་ནས་འདུལ་བའི་བསྟན་པ་དག་ཐེར་ནན་ཏན་མཛད། 

 

 

 

ལྷ་ལྡན་སྨོན་ལམ་ཆེན་མོ་སོགས་མཛད་ཆེན་བཞིའི་མཛད་པ་བསྐྱངས།   དགའ་ལྡན་དང་བདེ་ཆེན་གསང་སྔགས་མཁར་ཕྱག་བཏབ། སེར་འབྲས་དང་རྒྱུད་གྲྭ་སྟོད་སྨད་འཛུགས་པའི་བཀོད་པ་མཛད། ལམ་རིམ་དང་སྔགས་རིམ་སོགས་ལེགས་བཤད་ཀྱི་གསུང་རྩོམ་པོད་བཅོ་བརྒྱད་ལྷག་ཙམ་ཕྱི་རབས་པ་ཚོར་གཅེས་སུ་སྤེལ། རྒྱལ་ཚབ་རྗེ་དང༌། མཁས་གྲུབ་རྗེ། དགེ་འདུན་གྲུབ་སོགས་ཤིན་ཏུ་སྙན་གྲགས་ལྡན་པའི་སློབ་མ་མང་པོ་བརྩེ་བས་བསྐྱངས།   དེ་ནས་དབུ་ཞྭ་སྣེ་རིང་བཀའ་བཅུ་བ་དར་མ་རིན་ཆེན་ལ་གནང་ནས་ཁོང་གི་རྒྱལ་ཚབ་ཏུ་མངའ་གསོ་མཛད་རྗེས་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། སྐབས་དེར་རྒྱལ་ཚབ་དར་མ་རིན་ཆེན་སོགས་ཁོང་གི་བུ་སློབ་རྣམས་ཀྱིས་འདས་མཆོད་རྒྱ་ཆེན་སྒྲུབ་པར་མཛད་པའི་ལུགས་སྲོལ་ད་བར་དུ་མ་ཉམས་པ་དར་ཡོད།  དེར་བརྟེན།  ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ནི་རྗེ་རིན་པོ་ཆེའི་འདས་མཆོད་ཡིན་ཞིང་།  ཉིན་དེར་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་རིས་སུ་མ་མཆིས་པའི་ཆོས་བརྒྱུད་གྲུབ་མཐའ་ཡོངས་ཀྱིས།  དམ་པ་ཁོང་རྗེས་སུ་དྲན་ཆེད་དུ་མཆོད་མེ་སྒྲོན་པ་དང་དམིགས་བརྩེ་མ་དབྱངས་སུ་གྱེར་བ།  རྗེ་བླ་མའི་ཞལ་ཐང་ཆེན་མོ་བཤམས་པ་དང་བླ་མ་མཆོད་པའི་ཚོགས་འཁོར་སྐོར་བ། ཕྱག་དང་སྐོར་བ་བྱེད་པ་དང་དམར་ཟས་སྤོང་བ།  སྨྱུང་གནས་ལ་བཞུགས་པ་དང་གཞུང་ལ་ཐོས་བསམ་ནན་པོར་བྱེད་པ་སོགས་ཀྱིས་མཚོན། ཆོས་ལུགས་ཀྱི་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་བའི་ལུགས་སྲོལ་རྒྱུན་མི་ཆད་པར་དར་ཡོད། 

 

 

 

 དེ་བཞིན་དུ་རི་བོ་དགེ་ལྡན་པའི་ལུགས་བཟང་ཐོས་བསམ་སྒོམ་གསུམ་གྱིས་ལེགས་པར་འཛིན་པའི་ཆོས་སྡེ་ཆེན་པོ་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུའང་རྗེ་བླའི་སྐུ་ཚེའི་མཛད་པ་དྲན་ཕྱིར་དུ་དམ་པ་ཆོས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་སྲོལ་ཡོད་དེ།  དཔེར་ན།  ཉིན་དེའི་གུང་ཚིགས་སྐབས་ཁྲི་རིན་པོ་ཆེ་མཆོག་ཚོགས་མགོན་དུ་བཞུགས་ཐོག།  ངུར་སྨྲིག་གིས་གཟབ་མཆོར་སྤྲས་པའི་ཚོགས་ཆེན་དབུ་མཛད་སོགས་འདུས་མང་ཡོངས་ཀྱིས་འདོན་རྟ་སྙན་མོ་དབྱངས་སུ་གྱེར་ནས་བླ་མ་མཆོད་པའི་ཚོགས་འཁོར་རྒྱ་ཆེར་སྐོར་བ།  གཞན་ཡང་ཁྲི་པ་ལས་ཐོག་པས་ཚོགས་ཐོག་ནས་དགེ་འདུན་དམངས་ལ་ཐུགས་མཐུན་ཁྲིམས་གཙང་ཆོས་བཤད་སྒྲུབ་ཀྱི་འཆད་ཉན་ལེགས་པར་གནང་དགོས་པའི་ཚོགས་གཏམ་གནང་སྲོལ་ཡོད།   

 

 

 

ད་དུང་ཞལ་ངོ་རྣམ་པ་གཉིས་དང་ཆབ་རིལ་སོགས་ཀྱིས་ཀྱང་ན་བཟས་གཟབ་མཆོར་སྤྲས་སྲོལ་ཡོད།  ཉིན་དེའི་ཕྱི་དྲོར་ཐབ་གཡོག་རྣམས་ཀྱིས་དཔལ་འབར་ཁྱེར་ནས་སྔོན་ལ་འགྲོ་བཞིན།  ཞལ་ངོ་རྣམ་གཉིས་ཀྱིས་གླིང་སྟོད་སྨད་ཀུན་ཏུ་དགའ་ལྡན་ལྔ་མཆོད་ཀྱི་གྲ་སྒྲིག་ལ་གཟིགས་ཞིབ་དུ་ཕེབས་དགོས།   ཚོགས་ཆེན་དང་གྲྭ་ཚང་ཁག་དང་གྲྭ་ཤག་སོ་སོའི་མདུན་རྒྱབ་སོགས་སུ་ས་དཀར་པོས་གཡུང་དྲུང་དང་པད་མ།   ནོར་བུ་དགའ་འཁྱིལ་སོགས་ཀྱི་རི་མོ་སྣ་ཚོགས་འབྲི་སྲོལ་ཡོད།  ཉིན་དེའི་དགོང་མོར་འདུ་ཁང་དང་ལྷ་ཁང་།  ལྕགས་རི་དང་གྲྭ་ཤག་སོགས་ཀྱི་སྒེའུ་ཁུང་དང་རབ་གསལ་གྲ་ཁ་དང་རྒྱ་ཕིབས།  སྤེན་བརྩེགས་དང་སྒོ་འཕྱོར་སོགས་ལ་དེང་རབས་རང་བཞིན་ཅན་གྱི་གློག་སྒྲོན་དཀར་སེར་དམར་ལྗང་གིས་རྗེ་བླ་མའི་སྐུའི་རྣམ་པ་བཟོས་པ་སོགས་ཀྱིས་མཛེས་པར་བརྒྱན་པ་དང་།   ཆེ་ཆུང་སྣ་མང་གི་མར་མེ་སྣ་ཚོགས་ཀྱིས་གླིང་ཡོངས་རྫོགས་འོད་ཀྱི་འཇིག་རྟེན་ཆུང་ཆུང་ཞིག་ཏུ་སྐྲུན་པར་མཛད་དོ།།    གཞན་ཡང་མུན་རུབ་ཁར་ཚོགས་ཆེན་ཁྲི་པ་དབུ་བཞུགས་ཐོག་དགོན་པའི་གྲྭ་བཙུན་མང་ཤོས་མཚན་ཉིད་གྲྭ་ཚང་དུ་འཚོགས་ཏེ།  གདན་ས་ཆེན་མོའི་དབྱངས་རྟས་བླ་མཆོད་གསུང་པ་དང་འབྲེལ། རྗེ་རིན་པོ་ཆེའི་གཞུང་ལུགས་ལ་ནམ་རྒྱུན་དུ་ཐོས་བསམ་སློབ་གཉེར་གནང་པའི་གྲྭ་བཙུན་རྣམ་པས་མདོ་སྔགས་ཀྱི་གཞུང་ལུགས་མཐར་ཕྱིན་པ་དང་། དེའི་ཟབ་བརླིང་གི་དགོངས་དོན་མྱུར་བོར་རྟོགས་པའི་སྨོན་ལམ་འདེབས་སྲོལ་ཡོད།

 

 

    

      སྐབས་དེར་ཡུལ་འདིའི་མི་སེར་རྣམས་ཀྱིས་ཀྱང་དམིགས་བརྩེ་མ་བགྲང་བཞིན་དགོན་པར་སྐོར་བ་བྱེད་པ་དང་རང་རང་གི་ཁྱིམ་དུ་སྤོས་དང་མར་མེ་སྒྲོན་པ་རེད།   དགོང་མོ་དེར་ཚོགས་ཆེན་གྱི་ཆོས་གྲྭ་རའི་དཀྱིལ་དུ་བོད་སྤོས་དང་ཤུག་པ།   དགའ་ལྡན་འཁན་པ་དང་ཙན་དན་སོགས་སྦར་བའི་དུད་ཞགས་ལྷོག་ལྷོག་ཏུ་འཕྱུར་བའི་ལྷ་བསང་གཏོང་བཞིན་ཡོད་ལ།  སྐྱ་སེར་རྣམས་ཀྱིས་དེར་བསང་སྐོར་བྱེད་བཞིན་བླ་མའི་ཐུགས་དགོངས་རྫོགས་པ།  འཛམ་གླིང་ལ་ཞི་བདེས་ཁྱབ་པ།   བསྟན་པ་ཡུན་རིང་དུ་གནས་པ་སོགས་ཀྱི་སྨོན་ལམ་འདེབས་ཤིང་། མཇུག་མཐར་དམིགས་བརྩེ་མའི་རྒྱང་འབོད་ཡུན་རིང་གྱེར་བཞིན་རང་རང་གི་ཁྱིམ་དུ་ཕེབས་ནས།  ཁྱིམ་ནས་ལམ་རིམ་བསྡུས་དོན་དང་ལམ་རྣམ་གཙོ་རྣམ་གསུམ།  ལེགས་བཤད་སྙིང་པོ་དང་རྟེན་འབྲེལ་བསྟོད་པ།  ལམ་རིམ་སྨོན་ལམ་དང་སྔགས་རིམ་སྨོན་ལམ་འདོན་པ་སོགས་ཀྱིས་མཚོན་དགེ་བ་རྒྱ་ཆེན་སྒྲུབ་པའི་སྲོལ་རྒྱུན་མ་ཉམས་པར་དར་ཡོད། 

 

 

 

གནས་མཆོད་འདི་ན་དགེ་འདུན་ཐུགས་མཐུན་ཞིང་།།

ཆོས་མཐུན་འབྱོར་པས་ནམ་ཡང་མི་ཕོངས་པར།།

ལུང་རྟོགས་བསྟན་པ་ཡར་ངོའི་ཟླ་བ་ལྟར།།

གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག།


རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།

པར་ལེན་པ།  སྐུ་འབུམ་སྐྱབས།


སྒྲ་ལམ་སློབ་ཚན་ཕབ་ལེན།