རིས་མེད་གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་བཅུ་བཞི་བའི་གནས་ཚུལ་རགས་བསྡུས།

དུས་ཚོད།2017-11-18 10:28ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

རིས་མེད་གངས་རྒྱན་སྨོན་ལམ་ཆེན་མོ་ཐེངས་བཅུ་བཞི་པའི་སྐབས་སུ་གཉུག་མར་གནས་པ་དང་གློ་བུར་བའི་བླ་སྤྲུལ་དགེ་བཤེས་དང་མཁན་པོ་དགེ་རྒན་སོགས་མཁས་པ་དུ་མས་བརྗོད་གཞི་གང་ལས་གསུང་བཤད་གནང་བའི་གོ་རིམ་གཤམ་གསལ།


ཡར་འཚོགས།

གསུང་བཤད་གནང་མཁན། 

སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱ་མཚན།



ཉིན་དང་པོ།

ཚ་རྟིང་མ་ལ་གསུང་བཤད་གནང་མཁན།

ལི་ཐང་བཞག་པ་རིན་པོ་ཆེ།

བརྗོད་གཞི། ལམ་རིམ་དང་འབྲེལ་བའི་ཉམས་ལེན་གྱི་སྐོར། 



གུང་ཚིགས་ལ་གསུང་བཤད་གནང་མཁན།

རྒྱུད་པའི་མཁན་པོ་བསོད་ནམས་འཕེལ་རྒྱས། 

བརྗོད་གཞི། ཐོས་བསམ་སློབ་གཉེར་བྱེད་ཚུལ། 



ཉིན་གཉིས་པ། 

ཚ་རྟིང་མ་ལ་གསུང་བཤད་གནང་མཁན།

ལྡོང་ཡོན་ཏན་རྒྱ་མཚོ།

བརྗོད་གཞི། རིས་མེད་བསྟན་པ་རྒྱས་པའི་ལག་ལེན།



གུང་ཚིགས་ལ་གསུང་བཤད་གནང་མཁན།

ཁྲི་ལས་འཛིན་པ་དཀོན་མཆོག་ཐོས་བསམ།

བརྗོད་གཞི། ཐུགས་མཐུན་ལས་བརྩམས་ཏེ་འདུལ་ཁྲིམས་སྲུང་ཚུལ། 



ཉིན་གསུམ་པ། 

ཚ་རྟིང་མ་ལ་གསུང་བཤད་གནང་མཁན།

དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས།

བརྗོད་གཞི། ནང་བསྟན་ཆོས་ལུགས་སློབ་སྦྱོང་གིས་སྐྱོང་དགོས། 



གུང་ཚིགས་ལ་གསུང་བཤད་གནང་མཁན། 

མཁན་ཟུར་བསོད་གྲགས།

བརྗོད་གཞི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་འབྲེལ་བའི་བསླབ་བྱ།



ཉིན་བཞི་པ། 

ཚ་རྟིང་མ་ལ་གསུང་བཤད་གནང་མཁན།

སེར་བྱེས་དགེ་བཤེས་འཇིགས་མེད་འོད་ཟེར། 

བརྗོད་གཞི། དགེ་འདུན་པའི་འགྲིག་ལམ་དང་ཀུན་སྤྱོད་ཀྱི་སྐོར།



གུང་ཚིགས་ལ་གསུང་བཤད་གནང་མཁན།

སེར་ཤུལ་དགེ་བཤེས་བཀྲ་ཤིས་བསོད་ནམས།

བརྗོད་གཞི།  རེ་སྐུལ་གྱི་སྐོར།



དགོང་ཇ་ལ་གསུང་མཁན།

རྒྱུད་པའི་བླ་མ་དབུ་མཛད།   

བརྗོད་གཞི།  བཤེས་གཉེན་བསྟེན་ཚུལ། 



ཉིན་ལྔ་པ། 

ཚ་རྟིང་མ་ལ་གསུང་བཤད་གནང་མཁན།

སེར་བྱེས་དགེ་བཤེས་བཀྲ་ཤིས་གྲགས་ལྡན།

བརྗོད་གཞི། དུས་རབས་ཉེར་གཅིག་པའི་གྲྭ་པའི་འོས་འགན། 



གུང་ཚིགས་ལ་གསུང་བཤད་གནང་མཁན།

སེར་ཤུལ་དགེ་བཤེས་བསྟན་པ་འཕྲིན་ལས།

བརྗོད་གཞི། སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་དགེ་འདུན་གྱི་སྡེ་ལ་རག་ལས། 



ཉིན་དྲུག་པ།  

ཚ་རྟིང་མ་ལ་གསུང་བཤད་གནང་མཁན།

མང་དགེ་དགེན་དཔལ་འབྱོར་བསོད་ནམས།

བརྗོད་གཞི། གྲྭ་རྐྱང་དཀྱུས་མ་ཞིག་གི་སེམས་འདུན་མཚོན་པའི་ཚིག་གསུམ། 



གུང་ཚིགས་ལ་གསུང་བཤད་གནང་མཁན།

གསོ་རིག་མཁན་པོ་ཐུབ་བསྟན་དཔལ་འབྱོར། 

བརྗོད་གཞི། བདེ་ཐང་དང་འཕྲོད་བསྟེན་གྱི་སྐོར། 



དགོང་ཇ་ལ་གསུང་བཤད་གནང་མཁན།

བློ་གླིང་དགེ་བཤེས་ཚུལ་ཁྲིམས།

བརྗོད་གཞི། ཞེན་པ་བཞི་བྲལ་དང་འབྲེལ་བའི་ཉམས་ལེན་གྱི་སྐོར། 


བཅས་ཆེད་དུ་བྱ་བ་དེར་འདུས་ཀྱི་སྐྱེ་བོ་ཀུན་ལ་བརྗོད་བྱ་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་འབྲས་ངོ་བོ་ཐབས་ཚུལ་ལས་བརྩམས་ཏེ་འཕྲལ་ཡུན་ཀུན་ཏུ་དགེ་བར་བྱེད་པའི་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱ་ཆེ་བ།  ཚིག་གི་ཉམས་ཐོན་པ། དོན་གྱི་བརྗིད་ཆགས་པ། སྐྱེ་འགྲོ་སུས་ཐོས་ན་ཐར་པའི་ས་བོན་འཇོག་ནུས་པ་སོགས་ཀྱི་གདམས་ངག་གནང་བའི་བཀའ་དྲིན་གྱིས་བསྐྱངས་སོ།། 



གངས་རྒྱན་སྨོན་ལམ་ཆེན་མོའི་བྱུང་རབས་མདོར་བསྡུས།   

གངས་རྒྱན་སྨོན་ལམ་ཆེན་མོ་ནི་བསྟན་འགྲོའི་དཔུང་གཉེན་སེར་ཤུལ་དགོན་གྱི་ཁྲི་རབས་སོ་བདུན་པ་༸སྐྱབས་རྗེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གངས་ལྗོངས་བསྟན་འགྲོའི་སྤྱི་རིམ་ལ་དམིགས་ཏེ་ཕྱི་ལོ་1995ལོར་གསར་འཛུགས་གནང་བ་ཞིག་ཡིན།       དེ་ནས་བསྟུད་མར་ཐེངས་ལྔ་ལ་འཚོགས་ཤིང་ལོ་ལྔ་ལ་མཚམས་བཞག   ། ཕྱི་ལོ་2005 ལོར་ཐེངས་དྲུག་པ་འཚོགས་པ་ནས་བཟུང་ད་ལོའི་བར་དུ་ཚོགས་ཐེངས་བཅུ་བཞི་ལེགས་པར་གྲུབ།    



གངས་རྒྱན་སྨོན་ལམ་ཆེན་མོ་འདི་ནི་ཆོས་སྒོ་ཕྱེ་རྗེས་ཀྱི་གཞིས་དགོན་ཁག་ནས་ཆོས་བརྒྱུད་ཐམས་ཅད་མཉམ་འཛོམས་ཀྱི་སྨོན་ལམ་འཚོགས་པ་སྔ་ཤོས་གྲས་དེ་ཡིན་ལ།   འདི་ཡིས་མཐུ་ལས་ཕྱོགས་སོ་སོའི་དགོན་ཁག་དུ་མ་ལ་སྨོན་ལམ་གཞི་རྒྱ་ཆེ་ཆུང་ཇི་སྙེད་ཅིག་འཚོགས་པའི་སྐུལ་སློང་ཡང་ཐེབས་ཡོད།  



  ཆོས་ཚོགས་འདིར་ཕྱོགས་མཐའ་ཁག་ནས་ཕེབས་པའི་གཡུང་དྲུང་བོན་དང་།   སྔ་འགྱུར་རྙིང་མ་པ།   ཆོས་རྗེ་ས་སྐྱ་པ།  འགྲོ་མགོན་བཀའ་བརྒྱུད་པ།  ཀུན་མཁྱེན་ཇོ་ནང་པ།   རི་བོ་དགེ་ལྡན་པ་བཅས་ཀྱི་ཆོས་བརྒྱུད་འཛིན་པའི་དགོན་ཁག་སུམ་བརྒྱ་ལྷག་གི་བླ་སྤྲུལ་དགེ་བཤེས།  མཁན་པོ་དགེ་རྒན།  ལས་སྣེ་སོགས་གཙོ་བོར་བྱས་པའི་གྲྭ་པ་ཇོ་མོ་ཁྲི་ཁྲག་དུས་ལྟར་ལྷན་དུ་འཛོམས་ཤིང་།      ཉིན་དེ་དག་རིང་ལ་བླ་མའི་རྣལ་འབྱོར་དང་། འཇམ་དཔལ་མཚན་བརྗོད།  རྟེན་འབྲེལ་བསྟོད་པ།   ཤེས་རབ་སྙིང་པོ།  བཟང་སྤྱོད།  སྒྲོལ་མ།  ཞབས་བརྟན་གསོལ་འདེབས།  རིས་མེད་བསྟན་རྒྱས་སྨོན་ལམ།  བོད་སྐྱོང་ལྷ་སྲུང་གི་བསྐང་འཕྲིན་གསོལ་མཆོད་སོགས་ཀྱི་ཚིག་བཟང་ཞལ་ནས་གསུངས། 



དོན་ཟབ་ཡིད་ལ་བསྒོམས།   ཐུགས་སྨོན་སྐྱབས་འཇུག་གིས་མཚམས་སྦྱར་ཏེ་རིམ་གྲོ་ཚར་འགྲོ་གནད་སྨིན་དུ་བྱས་པའི་ངོས་ནས།    ལྟ་བ་འཚེ་མེད་ཞི་བདེ་དང་།  སྤྱོད་ལམ་ཞི་དུལ་བག་ཡོད་ཀྱི་སྒོ་ནས་ཕ་རོལ་པོའི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་པར་མཛད་པའི་བཀའ་དྲིན་གྱིས་བསྟན་པའི་སྙིང་པོ་རིང་དུ་གནས་པར་བྱས།     དེ་བཞིན་དུ་མདོ་དབུས་ཁམས་ནས་ཡོང་བའི་མི་མང་དང་།  སོག་པོ།   རྒྱ་ནག   །དེ་ལས་གཞན་པའི་རིགས་སུ་སྐྱེས་པ་མང་པོ་ལྷན་དུ་འཛོམས་ཤིང་ལྟུང་བཤགས་དང་ཡིག་བརྒྱ།   སྐྱབས་འགྲོ།   སྒྲོལ་མ་རེས་མོས་སུ་བྱས་ཏེ་ལོ་རེ་ལ་གྲངས་དུང་ཕྱུར་ཐུབ་ངེས་སུ་བཟླས་བརྗོད་ཟབ་མོ་བགྱིས་ཤིང་།     



གཉུག་མར་གནས་པ་དང་གློ་བུར་བའི་རིས་མེད་བླ་སྤྲུལ་དགེ་བཤེས།     མཁན་པོ་དགེ་རྒན་མཚན་ཉིད་དང་ལྡན་པ་རྣམས་ཀྱིས་འདི་ཕྱི་ལེགས་ཚོགས་སྒྲུབ་པའི་ཐབས་ཚུལ།    རིག་གཞུང་འཛིན་སྐྱོང་གི་སློབ་གསོ།    མཐུན་སྒྲིལ་ཁོར་སྲུང་གི་ལམ་སྟོན།     བདེ་ཐང་འཕྲོད་བསྟེན་གྱི་གདམས་ངག །   འཕྲལ་ཡུན་ཀུན་དགེའི་མན་ངག    །ཁྱིམ་པ་རྣམས་ལ་དམིགས་བསལ་དབང་ལུང་རྗེས་གནང་དང་།    ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག    །ཡ་རབས་སྤྱོད་བཟང་གི་བསླབ་བྱ།    རྒྱན་འཇོག་ཇག་རྐུན་དང་སྡིག་ལས་བྱུར་གོད་ལ་བཀག་སྡོམ་དང་བཀའ་བསྒོ་དམ་བཞག་སོགས་ལེགས་ཉེས་བླང་དོར་ལ་མི་རྨོངས་པར་བྱས་ཤིང་དམ་ཆོས་སྣང་བའི་སྒྲོན་མེ་སྐྱེ་འགྲོ་ཡོངས་ཀྱི་ཤེས་རྒྱུད་ལ་སྦར་བར་མཛད་པའི་མཐུས་སེར་སྐྱ་མང་པོར་བསམ་བློ་ཀུན་སྤྱོད་ཀྱི་ཐད་ནས་ཕན་ཐོགས་བྱུང་བར་མཐོང་ཆོས་སུ་གྲུབ།   



 མཐར་ཟབ་ལམ་བླ་མའི་རྣལ་འབྱོར་བླ་མ་མཆོད་པ་དང་འབྲེལ་བའི་ཚོགས་ཀྱི་འཁོར་ལོ་ལ་རོལ་བ་དང་།     བྱང་སྡོམ་བླངས་ཤིང་རང་གཞན་སྐྱེ་འཕགས་ཡོངས་ཀྱི་དགེ་རྩ་རྒྱ་མཚོ་ལྟ་བུ་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་བླ་མེད་བྱང་ཆེན་མ་ཐོབ་བར་དུ་མི་འཛད་པར་རྫོགས་བྱང་གི་རྒྱུར་བསྔོས་པ་དང་།   སྐལ་བཟང་འདི་ལ་མ་འོངས་སངས་རྒྱས་རྣམས་ཀྱིས་ཟབ་ཞི་སྤྲོས་བྲལ་ཆོས་ཀྱི་བགོ་སྐལ་བསྩལ་བའི་ཚེ་འདུས་པའི་ཐོག་མར་སྐྱེ་ཞིང་གསུང་གིས་དབུགས་དབྱུང་འཐོབ་པའི་སྨོན་ལམ་རྣམ་དག་འདེབས་པའི་ལེའུ་སྟེ་སེམས་བསྐྱེད་མཆོད་པ་འཚོགས།    དེ་ནས་གཏི་མུག་རྨོངས་མུན་བསལ་ཞིང་ཤེས་རབ་དང་བདེན་མཐའ་རབ་ཏུ་གསལ་བར་འགྱུར་བའི་སྣང་གསལ་མར་མེའི་སྨོན་ལམ་གྱི་ཆོ་ག་སྤེལ་རྗེས་མཇུག་ལེགས་པར་གྲོལ། 



 ལོ་དེ་གའི་རིང་ལ་བསྟན་པའི་སྦྱིན་བདག་ཆེ་ཕྲ་རྣམས་དང་གཞན་ཡང་རང་གི་འབྱོར་པ་དང་བསྟུན་ནས་སྐྱེལ་འདྲེན་ཞབས་ཕྱི་སོགས་གང་ཐད་ནས་རང་མོས་རིན་མེད་དུ་བྱས་པའི་སྐྱེ་བོ་ཀུན་གྱིས་ཕྱར་བ་གྲུ་འདེགས་དང་།  གཟོང་ཁ་གཅིག་སྒྲིལ་གྱི་སྒོ་ནས་གངས་རྒྱན་སྨོན་ལམ་ཆེན་མོར་བསྙེན་བཀུར་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་པའི་བཀའ་དྲིན་ལས་ལོ་རེ་བཞིན་ཡར་ངོའི་ཟླ་ལྟར་གོང་འཕེལ་དུ་འགྲོ་བཞིན་པའོ།།     



རྩོམ་འབྲི་བ།  ཀརྨ་ངེས་དོན།  འཇིགས་མེད་བསམ་འགྲུབ།

རྩོམ་སྒྲིག་པ། སྐུ་འབུམ་སྐྱབས།

པར་ལེན་པ།  མགོན་སྐྱབས། སྐུ་འབུམ་སྐྱབས།





སྒྲ་ལམ་སློབ་ཚན་ཕབ་ལེན།