སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་འཕྲིན་ལས་སེར་ཤུལ་ལས་གཉེར་སློབ་གྲྭ།

དུས་ཚོད།2017-05-02 17:31ཡོང་ཁུངས།རྩོམ་པ་པོ། སེར་བྱེས་དགེ་བཤེས་ཐོས་བསམ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་ཆེན་མོ་ཆོས་དགའ་དང་ལྷན་དུ་སློབ་གྲྭར་ཕེབས་སྐབས།


རང་ཅག་རྣམས་ཀྱི་འདྲེན་མཆོག་མཚུངས་མེད་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐུགས་བཞེད་ལ་སྔར་ནས་ས་གནས་འདིར་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་འཛུགས་རྒྱུའི་ཐུགས་འདུན་དྲག་པོ་ཡོད་ནའང་། ཕྱི་ནང་གི་རྐྱེན་མང་པོ་ཞིག་ལས་ཡུན་རིང་དུ་ལྷག ༢༠༠༩ ལོར་ཁོང་གི་མཛད་འཕྲིན་གྱི་འོག་ཏུ། སེར་ཤུལ་གྲོང་སྡེའི་ནང་གི་སློབ་སྦྱོང་གི་གོ་སྐབས་ཆ་ཚང་ཤོར་བ་དང་། མི་ཚེ་འཕྲོ་བརླག་འགྲོ་བཞིན་པའི་གཞོན་སྐྱེས་གྲངས་༤༠ ལྷག་བསྡུས་ཏེ་འཛིན་གྲྭ་གོང་འོག་གཉིས་ཕྱེ་གནང་མཛད་དེ།༢༠༠༩ལོའི་ ཟླ་༨ པའི་ཚེས་༢༨ཉིན། དགོན་འདིའི་བསྟན་བདག་སྨན་ཤུལ་རིན་པོ་ཆེ་དང་། མཁན་ཁྲི་གདན་ཟུར། ཚོགས་ཆེན་ཞལ་ངོ་རྣམ་གཉིས། གཞུང་ཁག་སོ་སོའི་གཙོ་འཛིན་རྣམ་པ། ནང་བསྟན་སློབ་གླིང་གི་དགེ་རྒན་རྣམ་པ་སོགས་དགོན་པའི་ལས་སྣེ་དང་། གཞན་ཡང་རྫ་སྟོད་ས་གནས་སྲིད་གཞུང་གི་འགོ་ཁྲིད་རྣམ་པ་བཅས་ལྷན་འཛོམས་ཐོག་དབུ་འཛིན་གྱི་མཛད་སྒོ་སྤེལ།


༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་མཆོག་སློབ་གྲྭ་ལ་གཟིགས་ཞིབ་ཕེབས་སྐབས།


དགོན་པ་གཞུང་ལས་ཁང་གིས་སློབ་ཁང་དང་དགེ་རྒན་བཞུགས་ཤག་བཅས་གཡར་གནང་མཛད།  དེ་ནས་བཟུང་བོད་ཡིག་དང་། རྒྱ་ཡིག གྲངས་རིག་སོགས་ཆེད་སྦྱོང་བྱེད་མཁན་གྱི་སྡེ་ཚན་སོ་སོར་ཡོད་པར་མ་ཟད། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྒྲིག་གཞི་ལྟར་འགྲོ་ཅི་ཐུབ་བྱས། ༢༠༡༠ལོར་སློབ་མའི་གྲངས་ཀ་༨༠ཙམ་འཕར་ཞིང་རིན་པོ་ཆེའི་བཀའ་དགོངས་ལྟར་ལོ་དེའི་ཟླ་༣པའི་ཚེས་༡ཉིན་བཟོ་རིག་འཛིན་གྲྭ་ཞིག་གསར་འཛུགས་གནངས་པ་དང་། ཕྱི་ནང་གི་དགེ་རྒན་མང་པོ་གདན་ཞུས་ཐོག་སློབ་གྲྭ་འདིའི་སློབ་སྦྱོང་དང་ཀུན་སྤྱོད་སོགས་གང་ཐད་ནས་ཟླ་རེ་ནས་ཟླ་རེར་ཡར་ཐོན་བྱུང་བས་ཀུན་གྱིས་བསྔགས་འོས་སུ་གྱུར།



སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་ཆེན་མོ་ཆོས་དགའ་དང་སེར་ཤུལ་རྫོང་གི་ཆེས་མཐོའི་འགོ་ཁྲིད་ཁག་ཅིག་སློབ་གྲྭར་ཕེབས་སྐབས།


༢༠༡༡ལོར་གངས་རྒྱན་སྤྱི་ལས་ཁང་གི་ཚོང་ར་ལེགས་འགྲུབ་བྱུང་སྐབས། ༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེས་སློབ་གྲྭ་འདི་གལ་ཆེན་དུ་དགོངས་ནས་ཚོང་ར་ཕྱོགས་གཅིག་སློབ་གྲྭར་གནང་ཞིང་། ཟླ་གསུམ་པའི་ཚེས་༡ཉིན་ས་དེར་སློབ་གྲྭ་གནས་སྤོར་བྱས། དེ་ལོའི་སློབ་མའི་གྲངས་ཀ་༡༢༠ལྷག་ཙམ་འཕར། བོད་རྒྱ་རྩིས་གསུམ་གྱི་སློབ་ཁྲིད་བཀོད་སྒྲིག་གནང་བས་སློབ་གྲྭ་འདིར་འབུར་དུ་ཐོན་པའི་གྲུབ་འབྲས་བྱུང་། ༢༠༡༢ ལོར་སློབ་གྲྭ་འདིའི་སློབ་མའི་གྲངས་ཀ་༡༧༠ལྷག་ཙམ་གྱུར། དེ་སྐབས་ཕྱོགས་གང་ས་ནས་དགེ་རྒན་གང་མང་གདན་ཞུས་ཐོག་སློབ་གྲྭའི་དགེ་རྒན་སོགས་ཀྱི་འཐུས་སྒོ་ཅུང་ཚང་བར་བྱས།


སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ལས་གཉེར་སློབ་གླིང་དུ་ཕེབས་སྐབས།


༢༠༡༣ལོར་སློབ་མའི་གྲངས་ཀ་ཡང་༢༠༠ལྷག་ཙམ་འཕར། སློབ་གྲྭ་འདིར་སྨན་གྱི་འཛིན་གྲྭ་གཉིས་གསར་འཛུགས་གནང་། དགེ་རྒན་ཡང་འཐུས་ཚང་གདན་ཞུ་བྱས།  ནང་བསྟན་སློབ་གླིང་གིས་ཀྱང་དགེ་རྒན་ཆེད་མངགས་མཛད་དེ་རྒྱབ་སྐྱོར་བླ་མེད་གནང་། གཞན་ཡང་མདོ་དབུས་ཁམས་གསུམ་ནས་མཁས་དབང་མང་པོ་གདན་འདྲེན་ཞུས་ཏེ་དགེ་སློབ་ཡོངས་ཀྱི་ཤེས་ཡོན་དང་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་བཞིན་ཡོད། དེ་བཞིན་དུས་ནས་དུས་སུ་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་མཆོག་སློབ་གྲྭ་འདིར་ཡང་ཡང་ཕེབས་ནས་དགེ་སློབ་ཡོངས་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་མུས་སུ་མཆིས།  ༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེས་མཛུབ་སྟོན་འོག་སློབ་གྲྭའི་མཛད་གཙོ་རྣམ་པ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ལན་གྲངས་དུ་མར་ཕེབས་མཐར་༢༠༡༣ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་དགེ་ཆོས་དགའ་མཆོག་གིས་སྣེ་ཁྲིད་དེ་སློབ་གཙོ་རྒན་གཞོན་དང་སེར་ཤུལ་རྫོང་གི་རྫོང་དཔོན་དང་། འཐབ་ཕྱོགས་གཅིག་གྱུར་ཁང་། ཆོས་ལུགས་ཁང་། སློབ་གསོ་ཅུའུ་སོགས་འབྲེལ་ཡོད་ཀྱི་དབུ་ཁྲིད་རྣམ་པ་སློབ་གྲྭ་འདིར་ཕེབས་ནས་གཟིགས་ཞིབ་དང་འབྲེལ་རྒྱབ་སྐྱོར་ཚད་མེད་གནང་སྟེ་སྤྱི་ལོ་༢༠༡༣ལོར་སློབ་གྲྭ་འདིར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཡན་ལག་གི་བཟོ་གསོའི་འཛིན་གྲྭ་བསྡུ་ཆོག་པའི་ཆོག་མཆན་གནང་།



དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་དང་དགེ་འདུན་བསོད་ནམས་རྒྱལ་སོགས་ལས་གཉེར་སློབ་གྲྭར་ཕེབས་སྐབས།


དེའི་སྐབས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་ཆོས་དགའ་མཆོག་གིས་བཀའ་ཕེབས་དོན། ༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་དང་། མཁན་པོ་ཐོས་བསམ་རྣམ་གཉིས་གཙོས་སློབ་གྲྭའི་གཙོ་འགན་པ་ཡོངས་ཀྱི་རེ་བ་ལྟར་ད་ཐེངས་སློབ་གྲྭ་འདིར་བཟོ་གསོའི་ཡན་ལག་འཛིན་གྲྭ་བསྡུ་ཆོག་པར་ཐག་གཅོད་བྱས་པ་ཡིན་སོགས་གསུངས། དེ་ལ་བརྟེན་ནས་འབྲིང་རིམ་ཆེད་གཉེར་དང་རང་སྦྱོང་སློབ་གྲྭ་ཆེན་མོའི་སློབ་མ་མི་ཉུང་པ་ཞིག་ལོ་རེ་བཞིན་མཐར་ཕྱིན་བཞིན་པ་དང་ལོ་འདི་ལ་ཡང་རང་སྦྱོང་སློབ་གྲྭ་ཆེན་མོ་དངོས་སུ་འདོན་བཞིན་པའི་སློབ་མ་དྲུག་ཅུ་ལྷག་མཆིས། ད་སྐབས་སློབ་གྲྭ་འདིར་སློབ་མ་ཉིས་བརྒྱ་ལྷག་ཙམ་དང་། འཛིན་གྲྭ་བཅུ་ཡོད། དགེ་རྒན་ཡང་བཅུ་དྲུག་བཞུགས་ཤིང་། སྒྲིག་ལམ་ནི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྒྲིག་ལམ་ལྟར་ཡིན། དགེ་རྒན་རྣམ་པའི་ཟླ་ཕོགས་དང་བཞུགས་གནས། སློབ་མའི་དཔེ་དེབ་སོགས་ཀྱི་འགྲོ་གྲོན་ནི་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་ཐུགས་བརྩེ་བླ་ན་མེད་པས་སྐྱོང་བཞིན་ཡོད། སློབ་གྲྭ་འདིའི་སྦྱང་བྱ་གཙོ་བོ་ནི་བཟོ་གསོ་གཉིས་དང་། བོད་རྒྱ་གཉིས་ཀྱི་ཡིག་རིགས་དང་། རྩིས་རིག་སོགས་ཡོད།



༢༠༡༦/༨/༡༩ ཉིན་སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་མཆོག་སློབ་གྲྭ་འདིར་ཆེད་ཕེབས་ཀྱིས་དགེ་སློབ་ཡོངས་ལ་བཀའ་ཕེབས་དོན། སློབ་གྲྭ་འདི་ཕྱི་ནང་གང་ཐད་ནས་ཚད་ལྡན་ཅན་དུ་བསྒྱུར་དགོས་པ་དང་། སྒྲིག་ཡིག་སོགས་ཚད་ལྡན་ཅན་དུ་གཏོང་དགོས་པའི་བཀའ་དགོངས་ཇི་བཞིན། རང་སློབ་གྲྭའི་དགེ་རྒན་རྣམ་པ་མཐུན་སྒྲིལ་གོང་བུ་ཆིག་སྒྲིལ་གྱིས་འབད་འབུང་ཆེན་པོ་བྱས་སྟེ་ ༢༠༡༦/༩/༡ ནས་ཕྱི་ཕྱོགས་ནས་ཕེབས་པའི་སློབ་མའི་ཉལ་ཁང་དང་ཟས་ཁང་། ཉལ་ཆས། ཆུ་དང་དྲོད་གློག་སོགས་ཆ་ཚང་གསར་དུ་བཀོད་སྒྲིག་བྱས་ཡོད་པས་སློབ་མ་སོ་སོས་ཁང་པ་གླས་ནས་འགྲོ་གྲོན་གཏོང་མི་དགོས་པར་ལོ་སྔ་མ་སོགས་དང་མི་འདྲ་པར་བྱུང་ཡོད། མ་ཟད་སློབ་གྲྭ་འདིར་ཕྱོགས་བསྡུས་གཞུང་ལས་ཁང་དང་། སློབ་དོན་ཁང་། སློབ་མ་ཁང་། རིག་རྩལ་ཁང་། དཔེ་བལྟ་ཁང་། རྒྱང་གྲགས་ཁང་། སྤྱི་གཉེར་ཁང་། ཟས་ཁང་། རྩིས་འཕྲུལ་ཁང་། རྩིས་གཉེར་ཁང་སོགས་ལས་ཁུངས་ཚད་ལྡན་གསར་དུ་བཙུགས་ཐུབ་ཡོད།



མ་ཟད་རང་རང་སོ་སོའི་ལས་སྒོ་བྱེད་ཕྱོགས་དང་དབང་ཚད་སོགས་སྒོ་ཐམས་ཅད་ནས་དམིགས་བསལ་རེ་འགའ་ཙམ་མ་གཏོགས་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་སྒོ་བསྟུན་ནས་སྒྲིག་ཡིག་ཡིག་ཆ་ཁག་བཅུ་བདུན་གཏན་འབེབས་བྱས་ཡོད། གང་གཏན་འབེབས་བྱས་པ་དེ་ཉིད་རེ་རེ་བཞིན་ལག་ལེན་དུ་བསྟར་བཞིན་པ་ཡིན། མདོར་ན་གཞོན་སྐྱེས་ཤེས་ཡོན་པ་དེ་དག་གི་སྙིང་སྟོབས་དང་། འབད་བརྩོན་ལ་བརྟེན་ནས་སློབ་གྲྭ་འདི་སྔར་ལས་སྒྲིག་འཛུགས་ལྡན་པའི་སློབ་གྲྭ་ཞིག་ཏུ་གྱུར་ཡོད་པར་མ་ཟད་སློབ་གྲྭའི་དགོང་ཚོགས་གྲོལ་ནས་དགེ་རྒན་རྣམ་པ་ཕྱོགས་སོ་སོར་ཁྱིམ་སྐོར་ལ་ཕེབས་པའི་སྲོལ་གསར་དུ་བཏོད་ཡོད། ཁྱིམ་བདག་སོ་སོས་རང་རང་གི་སློབ་མ་ལ་དཔེ་ཀློག་བྱེད་སའི་ཁོར་ཡུག་ཟུར་དུ་བསྐྲུན་ཐུབ་ཡོད་པ་སོགས་སློབ་གྲྭ་ལ་རྒྱབ་སྐྱོར་བླ་མེད་གནང་བཞིན་པ་དང་། དེ་བཞིན་ཕྱི་ཕྱོགས་ནས་ཕེབས་པའི་སློབ་མའི་ཁྱིམ་བདག་སོ་སོའི་བུ་ཕྲུག་གི་སློབ་སྦྱོང་བྱེད་སའི་ཁོར་ཡུག་དང་ཆ་རྐྱེན་དེས་བློ་ཡིད་ཚིམས་ནས་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་དང་། སློབ་གྲྭའི་དགེ་རྒན་རྣམ་པ་ལ་བཀའ་དྲིན་ཞུ་བ་སོགས་རྒྱབ་སྐྱོར་ཡང་དག་པ་བྱེད་བཞིན་ཡོད། གཟའ་འཁོར་རེ་རེ་བཞིན་རེས་གཟའ་སྤེན་པའི་སྔ་དྲོར་དགེ་རྒན་འཚོགས་འདུ་ཚོགས་ནས་སློབ་གྲྭའི་ལེགས་ཉེས་ཕྱོགས་བསྡོམས་ཚད་ལྡན་གནང་བཞིན་ཡོད། དེ་ཐམས་ཅད་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་ཐུགས་བཀོད་དང་རྒྱབ་སྐྱོར་འབའ་ཞིག་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་ནོ། །



སེར་ཤུལ་ལས་གཉེར་སློབ་གྲྭའི་ད་ལྟའི་འགན་འཛིན་པ་རྣམས་ནི་གཤམ་གསལ་ལྟར།

སློབ་གྲྭ་སྤྱིའི་འགན་འཛིན་སེར་བྱེས་དགེ་བཤེས་ཐོས་བསམ། སློབ་དོན་ཁང་གི་འགན་འཛིན་དགེན་གསལ་ལྡན། སློབ་མ་ཁང་གི་འགན་འཛིན་དགེན་ཨོྃ་ཆོས།  རིག་རྩལ་ཁང་དང་རྒྱང་གྲགས་ཁང་གཉིས་ཀྱི་འགན་འཛིན་དགེན་བཀྲ་ཤིས་དབང་རྒྱལ།  དཔེ་བལྟ་ཁང་གི་འགན་འཛིན་དགེན་དཀོན་མཆོག་འཕྲིན་ལས། སྤྱི་གཉེར་ཁང་དང་ཟས་ཁང་གཉིས་ཀྱི་འགན་འཛིན་དགེན་པད་ཚེ། བཅའ་སྡོད་སློབ་མའི་འགའ་འཛིན་དགེན་མགོན་པོ་ཆོས་སྐྱིད། རྩིས་གཉེར་ཁང་དང་རྩིས་འཕྲུལ་ཁང་གཉིས་ཀྱི་འགན་འཛིན་དགེན་ཁྱུང་ཕྱུག་སྒྲོལ་མ་བཅས་ཡིན།


རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།

པར་བ། ཕོལ་བ།


སྒྲ་ལམ་སློབ་ཚན་ཕབ་ལེན།