སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་འཕྲིན་ལས་ཁམས་ནང་ཆེན་བཀའ་བརྒྱུད་སྨོན་ལམ།

དུས་ཚོད།2017-05-01 17:11ཡོང་ཁུངས།རྩོམ་པ་པོ། སེར་བྱེས་དགེ་བཤེས་ཐོས་བསམ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846



ཁམས་ནང་ཆེན་བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཕེབས་པ།


༢༠༠༤ལོར་བོད་ཟླ་༩ཚེས་༢༢ཉིན་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་མཆོག་ལྷ་བབས་དུས་ཆེན་དང་སྟབས་བསྟུན་ཁམས་ནང་ཆེན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འཚོགས་སར་གདན་འདྲེན་ཞུས། དེ་སྐབས་རིན་པོ་ཆེ་དང་ལྷན་དུ་མདོ་ཁམས་རྫ་ཆུ་ཁའི་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ་མ་ཞིག་སྨོན་ལམ་དེར་ཆེད་ཕེབས་གནང་། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་དབུ་འཛིན་རྣམ་པ་དང་། དེར་འདུས་ཀྱི་བླ་གྲྭ་འདུས་མང་ཡོངས་ནས་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་ལ་དགའ་བསུའི་སྣེ་ལེན་གཟབ་རྒྱས་གནང་། རིན་པོ་ཆེ་ཁོང་གིས་ཐོག་མར་དེར་འདུས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་འདུས་མང་སེར་སྐྱ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། མ་ཟད་བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཆེ་བསྟོད་བསྔགས་བརྗོད་དང་འབྲེལ། སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་ཞེས་སོགས་ལུང་འདྲེན་མཛད་ནས། རང་རེ་ནང་པ་སངས་རྒྱས་པ་རྣམས་སྟོན་པ་གཅིག་གི་རྗེས་འཇུག་དང་། དེའི་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་ཉམས་སུ་ལེན་མཁན་གཅིག་གྱུར་ཡིན་སྟབས། བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་ལ་དེའི་རྗེས་འཇུག་ནང་ཕན་ཚུན་མཐུན་པོ་ཡོད་དགོས།



དེས་ན་བསྟན་འཛིན་བུ་སློབ་བཤད་སྒྲུབ་མཐུན་པ་ཡི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག་ཅེས་སོགས་སྨོན་ལམ་བཏབ་པ་རེད། དེས་ན་རང་ཅག་འདིར་བཞུགས་བླ་སྤྲུལ་དགེ་འདུན་གྱི་སྡེ་དང་བཅས་པ་རྣམས་ཀྱིས། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དུ་ཡོང་པའི་ཐུགས་སྨོན་སྐྱབས་འཇུག་དང་། ཐུགས་ཁུར་ཡང་ཡང་གནང་དགོས། ད་ལམ་ཕྱོགས་གང་སར་ཆོས་བརྒྱུད་སོ་སོས་འདི་ལྟ་བུའི་སྨོན་ལམ་འཚོགས། དེ་ལ་ཆོས་བརྒྱུད་གཞན་དག་ཚོ་ཐམས་ཅད་མཉམ་ཞུགས་གནང་བ་སོགས་ནི་ཆེས་ཤིན་ཏུ་དགའ་བར་འོས་པ་དང་ཡི་རངས་བྱེད་འོས་པ་ཞིག་རེད། དེ་ལྟར་མཉམ་འཛོམ་གནང་བ་ལ་བརྟེན་ནས་ཆོས་བརྒྱུད་ནང་ཕན་ཚུན་མཐུན་སྒྲིལ་དམ་ཟབ་འོང་བ་ལ་ཕན་ཐོག་ཡོད་པ་རེད། འོན་ཀྱང་དེ་ལྟར་མཉམ་འཛོམས་གནང་པའི་སྐབས་སུ་གཅིག་གིས་གཅིག་ལ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ཐུབ་པ་ཞིག་བྱེད་དགོས་པ་ལས། ཕན་ཚུན་སྐྱོན་འདོགས་བྱེད་པ་སོགས་རྩ་བ་ནས་བྱེད་མི་རུང་། སྐྱོན་འདོགས་བྱས་ན་ཆོས་ཀྱི་བསླབ་བྱ་དང་འགལ་བ་རེད། ཆོས་ཀྱི་བསླབ་བྱ་སྣང་མེད་དུ་བྱས་ན་ཚད་ལྡན་གྱི་ཆོས་པ་ཞིག་འོང་ཐབས་མེད། དེས་ན་ཁྱེད་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཆོས་བརྒྱུད་ནང་ཕན་ཚུན་མཐུན་ལམ་དམ་ཟབ་འོང་ཐབས་ལ་ཐུགས་ཁུར་བཞེས་དགོས། བསྟན་པ་ཡུན་རིང་དུ་གནས་དང་མི་གནས་ཆོས་ལུགས་ནང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཡོད་མེད་འདི་ཁོ་ན་ལ་རག་ལས་པ་གཟུ་བོར་གནས་པའི་བློས་ཞིབ་ཏུ་བརྟག་ན་ཚེགས་མེད་དུ་རྟོགས་ཐུབ། བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ལྟ་བུའི་དབུ་ཁྲིད་གནང་མཁན་རྣམ་པའི་ཕྱག་ལེན་གནང་ཕྱོགས་ལ་ང་ཚོ་ཆོས་བརྒྱུད་ཁག་སོ་སོས་མིག་དཔེ་བལྟ་འོས་པ་ཞིག་རེད། ད་དུང་གལ་ཆེ་བ་ཞིག་ལ་དད་ལྡན་རྒྱ་ཆེའི་མང་ཚོགས་རྣམས་ལ་ཆོས་ཀྱི་དྲང་ཐིག་ལས་མ་བརྒལ་པའིི་བསླབ་བྱ་གནང་དགོས་གསུངས་པ་དང་། མཐའ་དོན་འདི་ལྟ་བུའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདིའི་དགེ་བའི་རྩ་བ་ལ་བརྟེན་ནས་སྤྱིར་སངས་རྒྱས་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བ་ཁྱད་པར་རང་རེ་གངས་ཅན་པ་རྣམས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་མངའ་ཐང་རྒྱས་ཤིང་། འཕགས་མཆོག་ཕྱག་ན་པདྨོས་མཉེས་བཞིན་དུ་རྗེས་སུ་འཛིན་པ་སོགས་ཀྱི་རྒྱུར་འགྲོ་བ་ཞིག་འདིར་བཞུགས་འདུས་དམངས་ཡོངས་ནས་ཐུགས་སྨོན་རྒྱ་ཆེར་གནང་སྐྱོང་འོང་པར་ཞུ་ཞེས་བཀའ་སློབ་རྒྱ་ཆེར་གནང་བ་དང་། དེར་འདུས་ཀྱི་འདུས་མང་ཡོངས་ལ་བསྙེན་བཀུར་གཟབ་འབུལ་དང་། བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཞལ་འདེབས་སྒོར་༢༠༠༠༠ཐམ་པ་འབུལ་གནང་མཛད།



                                                                                                                                                                                                                                                                                                                                                           རྩོམ་སྒྲིག་པ། སྐུ་འབུམ་སྐྱབས།




སྒྲ་ལམ་སློབ་ཚན་ཕབ་ལེན།