སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་འཕྲིན་ལས་གངས་ལྗོངས་མཁས་པའི་ལྷན་ཚོགས།

དུས་ཚོད།2017-04-30 11:12ཡོང་ཁུངས།རྩོམ་པ་པོ། སེར་བྱེས་དགེ་བཤེས་ཐོས་བསམ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

གངས་ལྗོངས་མཁས་པའི་ལྷན་ཚོགས་ཇི་ལྟར་བཙུགས་པ།

སྤྱི་ལོ་༢༠༠༢ལོར་མདོ་ཁམས་བསྟན་པའི་མཛེས་རྒྱན་རྫ་འབུམ་རྙིང་དགོན་དུ་འཇང་དགུན་ཆོས་ཐེངས་བཞི་བ་འཚོགས་སྐབས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དེར་འདུས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་འཚོགས་འདུ་ལྷན་འཛོམས་བྱུང་སར། མ་འོངས་པར་བཤད་སྒྲུབ་ཀྱི་བསྟན་པ་ཇི་ལྟར་རྒྱས་ཐབས་དང་། དགོན་ཁག་སོ་སོའི་སློབ་སྦྱོང་ཡར་རྒྱས་འགྲོ་ཐབས་ལ་ཕྱོགས་ཕན་ཚུན་ནས་རམ་འདེགས་ཇི་ལྟར་བྱེད་དགོས་ཚུལ་སོགས་བགྲོ་གླེང་མཛད་པ་ན། ཐམས་ཅད་ཀྱིས་དགོན་ཁག་སོ་སོའི་དགེ་བའི་བཤེས་གཉེན་རྣམས་ལོ་རེ་བཞིན་མཁས་པའི་ལྷན་འཚོགས་ཤིག་འཚོགས་ཐུབ་ན། དགེ་རྒན་རྣམ་པས་སློབ་ཁྲིད་བྱེད་སྐབས་དོགས་པ་མ་ཆོད་པ་དང་། མཁས་པ་སོ་སོའི་དོགས་གནས་སློང་ཚུལ་མི་འདྲ་བ་སོགས་ཕན་ཚུན་ཤེས་རྟོགས་ཡོང་རྒྱུའི་ཕན་ནུས་ཡོད་ཚུལ་དང་། ཐོག་མར་དགོན་པ་གང་དུ་འཚོགས་རྒྱུ་ཡིན་ཚུལ་སོགས་གཏམ་གླེང་མཛད་སྐབས། ༧སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་ནས་དེ་ལྟ་བུའི་མཁས་པའི་ལྷན་ཚོགས་ཤིག་འཚོགས་ན་དགོས་གལ་ཧ་ཅང་ཆེན་པོ་ཡོད་པར་ངེས། ཐོག་མར་སེར་ཤུལ་དགོན་པས་སྦྱིན་བདག་བྱེད་ཆོག  བཤད་སྒྲུབ་ཀྱི་བསྟན་པ་འདི་ལ་ཕན་ཐབས་ཤིག་ཡིན་ཚེ། འཇང་དགུན་ཆོས་དང་མཁས་པའི་ལྷན་ཚོགས་གང་ཡིན་ཡང་ག་དུས་དཀའ་ངལ་བྱུང་ཚེ་སེར་ཤུལ་དགོན་པ་དང་། ང་རང་སྒེར་སོགས་ཀྱི་ངོས་ནས་ཞབས་འདེགས་ཞུ་ཆོག  དགོན་པ་རང་རང་གིས་འཚོགས་བསམ་ཀྱང་ཆ་རྐྱེན་མ་འདེང་བ་སོགས་ཀྱི་དཀའ་ངལ་ཡོད་ཚེ་ངས་ཞབས་ཕྱི་བྱེད་ཆོག གང་ལྟར་རྣམ་པ་ཚོ་ཚང་མས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཡར་རྒྱས་གོང་འཕེལ་དུ་འོང་ཐབས་སུ་ཐབས་ཤེས་ཡོད་ཚད་སྤྱོད་དགོས་ཞེས་བཀའ་བསྩལ་ནས་མཁས་པའི་ལྷན་ཚོགས་ཐོག་མ་དེ་སེར་ཤུལ་དགོན་དུ་འཚོགས་རྒྱུ་ཐག་ཆོད་བྱུང་།


 

སྤྱི་ལོ་༢༠༠༣ ལོར་སེར་ཤུལ་དགོན་དུ་མཁས་པའི་ལྷན་ཚོགས་འཚོགས་རྒྱུར་གྲ་སྒྲིག་བྱེད་སྐབས། ཁྲི་རིན་པོ་ཆེ་ནས་གསུང་དོན་མཁས་པའི་ལྷན་ཚོགས་འདིར་བོད་ཡུལ་གྱི་ཕྱོགས་གང་ས་ནས་མཁས་པ་མང་པོ་ཞིག་ཕེབས་རྒྱུར་འབད་བརྩོན་བྱེད་དགོས། དེའི་ཕྱིར་མགྲོན་ཤོག་དང་དྲན་རྟེན་སོགས་ཀྱི་ཐོག་ཏུ་གངས་ལྗོངས་མཁས་པའི་ལྷན་ཚོགས་ཟེར་དགོས། དྲན་རྟེན་དུ་རང་དགོན་གྱི་མཁས་དབང་བློ་བཟང་ཕུན་ཚོགས་ཀྱིས་བརྩམས་པའི་གསུང་ཐོར་བུ་འགའ་ཞིག་སྒྲིག་ཐུབ་པ་བྱས་ན། རྗེས་སུ་དགོན་ཁག་སོ་སོའི་རང་དགོན་གྱི་མཁས་པས་གསུང་རེ་དེབ་ཐོག་ཏུ་ཕུད་ཐུབ་རྒྱུའི་ཕན་ནུས་ཡོད་ཚུལ་སོགས་ཆོས་སྲིད་ལུགས་གཉིས་ལ་ཕན་པའི་བཀའ་སློབ་ལམ་སྟོན་གནང་། གྲ་སྒྲིག་ཚོགས་ཆུང་ནས་ཀྱང་དེ་བཞིན་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དང་པོའི་དྲན་རྟེན་དུ་སེར་ཤུལ་དགེ་བཤེས་བློ་བཟང་ཕུན་ཚོགས་ཀྱིས་བརྩམས་པའི་གསུང་ཐོར་བུ་འགའ་ཞིག་ཕྱོགས་བསྒྲིགས་དཔར་འགྲེམས་བྱས་ནས་བསྟན་པ་ལ་ཕན་ངེས་ཀྱི་བྱ་བ་འབའ་ཞིག་མཛད་དོ། ། སྤྱི་ལོ་༢༠༠༣ལོར་འཇང་དགུན་ཆོས་ཆེན་མོ་གྲོལ་བ་དང་། དུས་མཚུངས་སུ་དགོན་པ་ཁག་བཅུ་ཕྲག་ཁ་ཤས་ནས་ཕེབས་པའི་ཐོས་བསམ་སྒོམ་གསུམ་གྱི་གཤོག་རྩལ་རབ་ཏུ་རྒྱས་ཤིང་། རྣམ་དཔྱོད་ཀྱི་འཇུག་པ་མཆོག་ཏུ་ཡངས་པའི་མཁས་དབང་དགེ་བའི་བཤེས་གཉེན་རྣམས་སེར་ཤུལ་རྫོང་ཐོག་ནས་ཡར་ཕེབས་བསུ་ཞུས་ཏེ། མཁས་གྲུབ་བྱེ་བའི་འབྱུང་གནས་གདན་ས་ཆེན་པོ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དང་པོ་རྒྱས་འཚོགས་གནང་། དེ་སྐབས་དམ་པ་མཆོག་ཉིད་དབུ་བཞུགས་ཐོག་དེར་འདུས་ཀྱི་མཁས་དབང་རྣམས་འཚོགས་འདུ་རྒྱས་འཛོམས་བྱུང་བའི་སར་དམ་པ་མཆོག་གིས་བཀའ་གནང་དོན། སངས་རྒྱས་ཀྱི་ཆོས་ལུགས་ནི་ཕན་པ་དང་། འཚེ་བ་མེད་པའི་རང་བཞིན་ཅན་ཁོ་ན་ཡིན་པ་དང་། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ནི་སྟོན་པའི་རྗེས་འཇུག་ནང་པ་སངས་རྒྱས་པ་རྣམས་ཡིན། དེ་ལ་ཁྱེད་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པའི་ནུས་ཤུགས་གཅིག་སྒྲིལ་བྱེད་དགོས། ཁྱེད་རྣམ་པ་ནི་ནུས་པ་ཡང་ཧ་ཅང་ཆེན་པོ་ཡིན་པས་ནུས་པ་ཐམས་ཅད་གཅིག་ཏུ་སྒྲིལ་ནས་ཆོས་ལུགས་དང་སྤྱི་ཚོགས་ལ་ཞབས་ཕྱི་ཡག་པོ་ཞུས་ན་དགེ་བ་རླབས་ཆེན་དང་རྒྱལ་ཁབ་དང་མི་རིགས་ལ་ཡང་དེ་ལས་ལྷག་པའི་ཞབས་འདེགས་ཤིག་བསྒྲུབ་རྒྱུ་མེད། ང་རང་ཚོས་མི་རིགས་མཐུན་སྒྲིལ་དང་། རིག་གཞུང་ཉམས་གསོ། སློབ་སྦྱོང་ཡར་རྒྱས། སྤྱི་ཚོགས་ལ་དགེ་སྐུལ་སོགས་གང་འདྲ་བྱེད་དགོས་པ་གྲོས་བསྡུར་དང་ཐུགས་བསམ་ནན་པོ་བཞེས་དགོས་ཞེས་སོགས་བཀའ་སློབ་རྒྱ་ཆེར་གནང་། དེ་ནས་དེར་འདུས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཞལ་གཅིག་མཐུན་གྱིས་དུས་ཆེན་ཁག་ལ་ཤ་མི་བཞེས་པའི་དམ་བཅའ་མཛད་ཅིང་། གཞན་ཡང་རང་རང་སོ་སོའི་ས་གནས་གང་ཡིན་གྱི་མི་མང་ལ་སློབ་གསོ་བཏང་ནས་སྡིག་སྤོང་དགེ་སྒྲུབ་བྱེད་རྒྱུར་དམ་བཅའ་བྱེད་མཁན་ཚོ་ལ་ལོ་རྗེས་མ་འཇང་དགུན་ཆོས་ཆེན་མོ་འཚོགས་སྐབས་སྐྱབས་ཞུ་དང་དད་རྟེན་སོགས་འབུལ་རྒྱུ་ཐུགས་ཐག་བཅད་པ་སོགས་བསྟན་འགྲོ་ལ་ཕན་པའི་བྱ་བ་རླབས་པོ་ཆེ་སྒྲུབ་པར་མཛད་དོ། །



སྤྱི་ལོ་༢༠༠༤ལོར་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་གཉིས་པ་ཞྭ་སེར་ཅོད་པཎ་འཆང་པའི་རིང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་མཁར་ནང་སོ་དགོན་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་འཚོགས་སྐབས་སྡིག་སྤོང་དགེ་སྒྲུབ་བྱེད་རྒྱུ་ཁས་ལེན་བྱས་ཡོད་པས་དད་ལྡན་མང་ཚོགས་རྣམས་ལ་འབུལ་རྒྱུའི་དད་རྟེན་དུ། རིན་པོ་ཆེ་མཆོག་གིས་ཕོ་བྲང་པོ་ཏཱ་ལ་ནས་གདན་འདྲེན་ཞུས་པའི་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་ཐང་༤༠༠༠ལྷག་ཚོགས་པ་ལ་ཕུལ་ཞིང་ཚོགས་འདུའི་སྐབས་ད་དུང་ང་ཚོས་མུ་མཐུད་ནས་མི་མང་རྣམས་སྡིག་སྤོང་དགེ་སྒྲུབ་བྱེད་པར་རེ་སྐུལ་བྱེད་པ་དང་། གྲྭ་བཙུན་རྣམས་བསླབ་པ་སློབ་གཉེར་ཚད་ལྡན་ཡོང་བར་དགོན་པ་སོ་སོས་དོ་དམ་གནང་ཕྱོགས་སོགས་འཇང་དགུན་ཆོས་དང་མཁས་པའི་ལྷན་ཚོགས་སོགས་ཀྱི་དམིགས་ཡུལ་ཡིན།  ལྷག་དོན་དུ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དུ་ཡོང་ཐབས་དང་། ཆོས་སྡེ་ཁག་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཡག་པོ་ཡོང་ཐབས་དང་། དེ་དག་ལ་བརྟེན་ནས་ཕན་ཚུན་གཅིག་གིས་གཅིག་ལ་བློ་སྐྱེད་དང་། ཉམས་མྱོང་ཡག་པོ་སྤེལ་ཐུབ་པ་བྱ་རྒྱུ་དེ་ཡིན་ལ། ད་བར་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད། གྲུབ་འབྲས་ཐོབ་པ་དེ་ཡང་ཁྱེད་འདིར་བཞུགས་ཀྱི་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ཁོ་ན་ཡིན་ཞིང་། འདི་མུ་མཐུད་ནས་ལྷོད་ཡངས་སུ་འགྲོ་མི་ཉན། དེ་དང་ཆབས་ཅིག་ཏུ་ས་གནས་མི་མང་ཚོས་ཐོག་མར་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་གི་བར་ལམ་གྱི་འགྲོ་སྟངས་ཆ་ཚང་བ་རེ་ཤེས་པར་བྱ་རྒྱུ་གལ་ཆེན་པོ་རེད། དེ་ལ་ཡོན་ཏན་གཞིར་གྱུར་མ་ལྟ་བུའི་སྒོ་ནས་མི་མང་ལ་སློབ་ཁྲིད་བྱེད་པ་གལ་ཆེན་པོ་རེད་ཅེས་སོགས་བཀའ་སློབ་རྒྱ་ཆེར་གནང་། དེ་བཞིན་རིན་པོ་ཆེ་མཆོག་ཉིད་གངས་ལྗོངས་མཁས་པའི་ལྷན་ཚོགས་ཕལ་ཆེར་ལ་ཕེབས་གནང་མཛད་པ་དང་། དེར་འདུས་ཀྱི་མཁས་དབང་རྣམ་པ་ལ་བསྟན་པ་སྤྱི་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་གང་ཐུབ་ཀྱིས་སྤྱི་ལ་ཕན་པའི་ཞབས་འདེགས་ཞུ་དགོས་པ་སོགས་བཀའ་སློབ་གནང་བར་མཛད་པ་ནི་དེར་འདུས་ཀུན་གྱིས་མཁྱེན་གསལ་ལྟར་རོ། །


རྩོམ་སྒྲིག་པ། སྐུ་འབུམ་སྐྱབས།



 

སྒྲ་ལམ་སློབ་ཚན་ཕབ་ལེན།