སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་འཕྲིན་ལས་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ་ཇི་ལྟར་བཙུགས་ཚུལ།

དུས་ཚོད།2017-04-23 20:35ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


སྤྱི་ལོ་2009ལོར་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་མཆོག་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མགོ་གཙོ་འོ་ཚོགས་ཆེན། ཞིབ་འཇུག་པ་ཆེན་མོ་གཅོད་པ་དོན་གྲུབ་སོགས་མཚོ་སྔོན་གྱི་མཁས་དབང་མང་པོ་དང་ལྷན་དུ་བསམ་གཞིགས་དང་བགྲོ་གླེང་བྱས་མཐར་བཙུགས་པ་ཞིག་ཡིན་ལ། ཚོགས་པ་འདིའི་ཐོག་མཐའ་བར་གསུམ་གྱི་སྦྱིན་བདག་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་ཡིན་པར་མ་ཟད་བྱ་བཞག་ཐམས་ཅད་མཆོག་ཉིད་ཀྱིས་ཐུགས་བཀོད་དང་དགོངས་འཆར་འོག་བསྒྲུབས་དང་སྒྲུབ་བཞིན་པ་རེད། 



དེ་བཞིན་གངས་ལྗོངས་དགོན་སྡེའི་སློབ་དེབ་དཔེ་ཚོགས་དེབ་བཅུ་གཉིས་དཔེ་བསྐྲུན་ཐད་དུ་ཐུགས་བཀོད་དང་སྦྱིན་བདག་མཛད་ཅིང་། ད་དུང་ཁྲི་པ་རིན་པོ་ཆེའི་ཐུགས་བཀོད་ལྟར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་པདྨ་ལགས་ཀྱིས་ཐུགས་བརྩེའི་རྒྱབ་སྐྱོར་ལ་བརྟེན་ནས་རྗེ་ཙོང་ཁ་པའི་རིག་གནས་ཞིབ་འཇུག་ལྟེ་གནས་དང་གེ་སར་རྟེན་མཛོད་ཁང་གཉིས་གསར་འཛུགས་བྱེད་སའི་ས་ཆ་གཏན་འཁེལ་དང་ཉོ་སྒྲུབ་འགྲོ་རིམ་ལྟར་བསྒྲུབས་ནས་ལེགས་པར་གྲུབ། དངོས་གཞི་འཛུགས་སྐྲུན་གྱི་ལས་ལ་གྲབས་བཞིན་འདུག་པ་སོགས་བསྟན་དང་འགྲོ་བར་སྨན་པའི་བྱ་བཞག་མང་པོ་སྒྲུབ་བཞིན་མཆིས་ཤིང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཚོགས་པ་འདིའི་ཞིབ་ཕྲའི་དམིགས་ཡུལ་དང་ལས་གཞི་སོགས་སྤྱི་ལོ་2011ལོར་བཏོན་པའི་རྗེ་ཙོང་ཁ་པ་ཞེས་པའི་དུས་དེབ་དེ་ལས་ཇི་ལྟར་བཀོད་པ་ལྟར་འདིར་བཀོད་ཡོད།



མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་འབྱུང་འགྱུར་གྱི་བྱ་བའི་འཆར་གཞི་གནད་བསྡུས། དང་པོ། རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་འབྱུང་འགྱུར་བྱ་བའི་དམིགས་ཡུལ་ལམ་ལས་འགན་གཙོ་བོ་སྟེ། ཐོག་མར་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཀྱི་ཡང་དག་པའི་མཛུབ་ཁྲིད་འོག ཞྭ་སེར་བསྟན་པའི་བདག་ཉིད་ཆེན་པོ་རྗེ་ཙོང་ཁ་པའི་སྐུ་ཚེ་ཧྲིལ་པོའི་རླབས་ཆེན་གྱི་མཛད་འཕྲིན་མ་ལུས་པ་ཉམས་པ་སོར་ཆུད་དང་མ་ཉམས་པ་འཛིན་སྐྱོང་སྤེལ་གསུམ་ལེགས་པོ་བསྒྲུབ་རྒྱུ་དང་། ཁྱད་པར་དུ་ཁོང་གི་བདག་པས་གཞན་གཅེས་ཀྱིས་བླ་མེད་ཐུགས་དགོངས། གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱི་བློ་གྲོས། དཀའ་སྤྱད་ཐུགས་རུས་ཀྱི་ཟད་མེད་སྙིང་སྟོབས། མཁྱེན་བརྩེ་ནུས་གསུམ་གྱིས་ཕྱུག་པའི་གསུང་གི་ལྗགས་རྩོམ་ཁྲི་འབུམ་བཅས་པར་འབད་འབུངས་ལྷོད་མེད་ཀྱིས་རྒྱུད་འཛིན་དང་འཕེལ་རྒྱས་སུ་གཏོང་རྒྱུ་འདི་ཀུན་ལས་གལ་འགངས་ཆེ་བར་འཛིན་པ་ནི་དམིགས་ཡུལ་འབའ་ཞིག་གོ། གཉིས་པ། རྗེ་ཙོང་ཁ་པའི་རྒྱ་མཚོའི་ཀློང་དང་རི་བོའི་གཏོས། ནམ་མཁའི་ཁྱོན་བཞིན་འབྱམས་ཀླས་པ་དང་། གཞལ་དཀའ་བའི་མཛད་འཕྲིན་རླབས་པོ་ཆེ་རྣམས་དུས་ནམ་ཡང་རྒྱུན་འཛིན་དང་དུས་གཏན་དུ་མི་ཡུལ་འདིར་གནས་པའི་སླད་དུ། སེར་ཤུལ་ཁྲི་བ་རིན་པོ་ཆེའི་དགོངས་འཆར་ལྟར། རྗེ་རིན་པོ་ཆེའི་རྟེན་མཛོད་ཁང་ངམ་ཞིབ་འཇུག་ཁང་བཅས་ཀྱི་གཙུག་ལག་ཁང་གསར་བཞེངས་གནང་རྒྱུའི་འཆར་བཀོད་བཟོས་འདུག །རྗེ་རིན་པོ་ཆེའི་གཙུག་ལག་ཁང་གི་ཆགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ཆེན་པོ། དུས་རབས་བཅུ་གཅིག་སྐབས་ཀྱི་ཙོང་ཁའི་རྒྱལ་པོའི་རྒྱལ་ས། རྗེ་རིན་པོ་ཆེའི་འཁྲུངས་ཡུལ་སྐུ་འབུམ་བྱམས་པ་གླིང་དང་བར་ཐག་ཉེ་ས་སྟེ། ཟི་ལིང་གྲོང་ཁྱེར་ཉེ་འདབས་སུ་ཡོད་ཅིང་། གཙུག་ལག་ཁང་ནང་གི་བཟོ་བཀོད་གཙོ་བོ་ནི།



༡ གཙུག་ལག་ཁང་གི་དཀྱིལ་དབུས་སུ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ཁྱད་པར་ཅན་བཞེངས་པ་དང་།  ༢རྗེ་ཙོང་ཁ་པ་དང་ཁོང་གི་ཐུགས་སྲས་མང་པོའི་ཕྱག་རྗེས་མཚོན་པའི་ཐང་གའི་རི་མོ་ངོ་མཚར་བ་བཤམས་པའི་ཁང་པ་མཆིས།  ༣མདོ་དབུས་ཁམས་གསུམ་ན་ཁ་ཐོར་དུ་སོང་པའི་རྟེན་རྫས་གལ་ཆེན་རྣམས་འཚོལ་སྡུད་དང་ཉར་ཚགས། འགྲེམས་སྟོན་བགྱིད་པའི་ཁང་པ།  ༤ རྗེ་རིན་པོ་ཆེ་དང་ཁོང་གི་དངོས་སློབ་གཙོ་བོ་དག་གི་གསུང་འབུམ་འདུས་པའི་ཆོས་བཀའ་བསྟན་བཅས་པའི་དཔེ་མཛོད་ཁང་།  ༥ རི་བོ་དགེ་ལྡན་པའི་རིང་ལུགས་སྐྱོང་བའི་དགེ་འདུན་པ་བརྒྱ་སྟོང་འདུས་ནས་འཆད་ཁྲིད་དང་རྒྱལ་བའི་གསུང་རབ་ཀློག་པའི་འདུས་ཁང་། ༦ མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་དང་དགེ་བཤེས། སྤྱི་ཚོགས་སྟེང་གི་མཁས་པ་བགྲེས་གཞོན་རྣམས་ལྷན་དུ་འདུས་ནས་བཅུ་ཕྲག་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་བགྱིད་པའི་ཚོམས་ཁང་། ༧ནང་བསྟན་རིག་གནས་དང་ལྷག་པར་དུ་རྗེ་ཙོང་ཁ་པའི་བོད་རྒྱ་མཁས་པའི་ཞིབ་འཇུག་ཁང་བཅས་ཀྱི་ནང་ཚན་གྱི་དབྱེ་བ་དགར་རྒྱུའི་འཆར་གཞི་མཆིས།



གསུམ་པ། རྗེ་རིན་པོ་ཆེའི་བླ་མེད་མཛད་འཕྲིན་གྱི་བ་དན་སྲིད་གསུམ་རྩེ་རུ་གཞར་ཡང་གཡོ་བ་དང་གནས་པའི་སླད་དང་། འཇིག་རྟེན་འཁོར་བར་གནས་པའི་རིགས་དྲུག་ཐམས་ཅད་སྡུག་བསྔལ་དུཿཁའི་འཆིང་རྒྱ་ལས་དཀྲོལ་བའི་ཕྱིར། དེ་མིན་འཛམ་གླིང་ཡོངས་ཀྱི་ཡུལ་ལྗོངས་ལྟ་སྐོར་བ་ཁྲི་འབུམ་གྲངས་མེད་འདྲེན་པའི་ཆེད་དུ་རྗེ་ཙོང་ཁ་པའི་རྟེན་མཛོད་གཙུག་ལག་ཁང་གི་རྒྱབ་ཕྱོགས་རྒྱབ་རིའི་གནས་མཆོག་གི་སྐེད་ན། རྗེ་རིན་པོ་ཆེའི་སྐུ་བརྙན་བརྗིད་ཉམས་ལྡན་ལ་གཟི་བྱིན་འོད་ཟེར་འཕྲོ་བ་དང་། འཛམ་གླིང་ཀུན་དུ་མཐོང་དཀོན་པ་ཞིག་བཞེངས་བསྐྲུན་བགྱིད་པར་སྟ་གོན་བྱེད་བཞིན་འདུག་གོ །

བཞི་པ། འཛམ་གླིང་ཟླུམ་པོ་བརྡ་འཕྲིན་ཅན་དུ་གྱུར་དང་འགྱུར་བཞིན་པའི་དུས་འདིར། ངེད་ཅག་ཞིབ་འཇུག་ཚོགས་པས་ཀྱང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་རྗེ་ཙོང་ཁ་པའི་ལོ་རྒྱུས་མཛད་འཕྲིན་མཚོན་པའི་ལྗགས་རྩོམ་སྣ་ཚོགས་བཅས་འདུས་པའི་མཚོ་སྔོན་རྗེ་ཙོང་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་དྲ་ཚིགས། འདི་སྔར་ལས་ཇེ་ལེགས་ཇེ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྗེ་རིན་པོ་ཆེའི་རླབས་ཆེན་མཛད་རྗེས་མ་ལུས་པ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཡོངས་ལ་བསྒྲག་རྒྱུ་མ་ཟད། འཛམ་གླིང་ཀུན་ཏུའང་བསྒྲག་རྒྱུའི་མཐུན་རྐྱེན་ལེགས་པོ་བཟོ་ངེས་ལགས།

ལྔ་བ།   རྗེ་ཙོང་ཁ་པའི་ཐུགས་དགོངས་རླབས་པོ་ཆེ་འཛིན་སྐྱོང་བགྱིད་ན་བརྒྱུད་ལམ་འཆད་རྩོད་ཁོ་ནས་མི་ཆོག་སྟབས། རྩོམ་པའི་བརྒྱུད་ལམ་དེ་ལས་ཤིན་ཏུ་གལ་འགངས་ཆེ་ལ། ཤུལ་དུ་བཞག་པའི་གསུང་འབུམ་དང་ལྗགས་རྩོམ་སྣ་མང་མེད་ན་གང་ཞིག་མཁས་པའི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མཚོན་པ་དང་། དེང་གི་བོད་ཆོལ་ཁ་གསུམ་གྱི་བླ་སྤྲུལ་དང་དགེ་བཤེས། ད་དུང་སྤྱི་ཚོགས་སྟེང་གི་རྒྱ་བོད་མཁས་པའི་ཆེད་རྩོམ་དགེ་མཚན་ལྡན་པ་དག་བཀོད་པའི་རྗེ་ཙོང་ཁ་པ་ཞེས་པའི་ཀློག་དེབ་ཅིག་བསྐྲུན་འདུག་པ་འདི། ཕྱིས་སུ་བོད་ཆོལ་ཁ་གསུམ་གྱི་དགོན་སྡེ་སོགས་ལ་ཁ་ཕྱོགས་ནས་སྔར་ལས་ཇེ་ལེགས་སུ་བཏང་ནས་སྤུས་ལེགས་ཅན་གྱི་ཀློག་དེབ་ཅིག་བསྒྲུབ་རྒྱུའི་རྦད་སེམས་མཆིས།

དྲུག་པ། རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ལ་ནང་བྱན་ཆེ་བའི་མདོ་དབུས་ཁམས་གསུམ་གྱི་མཁས་པ་དང་། ཕྱིའི་རྒྱལ་ཁབ་ཀྱི་མཁས་དབང་། མི་རིགས་གཞན་གྱི་མཁས་ཆེན་དམ་པ་རེ་འགའ། ལོ་རེར་ཐེངས་གཉིས་ནས་གསུམ་ཙམ་ལ་གདན་འདྲེན་ཞུས་ནས་འཆད་ཁྲིད་གནང་སྟེ། དད་ལྡན་མང་པོ་དང་བློ་གསལ་གྲངས་མང་སོགས་ལ་སློབ་སྦྱོང་གི་གོ་སྐབས་ལེགས་པོ་བསྐྲུན་པ་དང་། ཕྱིས་སུ་མཐུན་རྐྱེན་ལེགས་པོ་འགྲིགས་པའི་དུས་སུ། རྒྱལ་སྤྱི་དང་རྒྱལ་ནང་གི་རིག་གཞུང་བགྲོ་གླེང་ཚོགས་ཆེན་སྣ་མང་བསྡུ་རྒྱུའི་འདུན་པ་དམ་པོ་མཆིས་སོ། །གོང་དུ་ཞུས་པའི་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་འབྱུང་འགྱུར་གྱི་བྱ་བའི་འཆར་གཞི་གནད་བསྡུས་འདི་ནི་ཚོགས་པ་འདིའི་ཚབ་འཛིན་ཚོགས་གཙོའམ་རྫ་སེར་ཤུལ་དགོན་གྱི་ཁྲི་བ་རིན་པོ་ཆེའི་ཐུགས་དགོངས་ལྟར། ཚོགས་པ་འདིའི་ཚོགས་གཙོ་གཞོན་པ་གཅོད་པ་དོན་གྲུབ་ཀྱིས་འཆར་གཞི་གནད་བསྡུས་འདི་བཀོད་ཅིང་། སྤྱི་ལོ་2010ལོའི་ཟླ་9ཚེས་28ཉིན་རྫ་སེར་ཤུལ་དགོན་གྱི་ཐེངས་དགུ་བའི་གངས་རྒྱན་སྨོན་ལམ་ཆེན་མོར་ཕེབས་པའི་མདོ་དབུས་ཁམས་གསུམ་གྱི་བླ་སྤྲུལ་དང་མཁན་པོ། དགེ་བཤེས་འཐུས་ཚབ་བཅས་ལ་དགོངས་འཆར་སྡུད་ལེན་ལེགས་པོ་བགྱིས་ཅིང་། ཁོང་རྣམ་པས་ལྷག་བསམ་རྣམ་དག་གིས་དགའ་བསུ་དང་ཡིད་མཐུན་བྱུང་།



རྩོམ་སྒྲིག་པ། དགེ་བཤེས་ཐོས་བསམ།

སྐུ་འབུམ་སྐྱབས།

 

སྒྲ་ལམ་སློབ་ཚན་ཕབ་ལེན།