སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་རྣམ་ལས་མདོ་ཁམས་འཇང་དགུན་ཆོས།

དུས་ཚོད།2017-04-16 17:56ཡོང་ཁུངས།རྩོམ་པ་པོ། སེར་བྱེས་དགེ་བཤེས་ཐོབ་བསམ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846



མདོ་ཁམས་འཇང་དགུན་ཆོས་ཇི་ལྟར་ཚུགས་ཚུལ།

ཆོས་ཐོགས་འདི་ཐོག་མར་འཛུགས་མཁན་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་རྣམ་ཐར་གཙང་མ་བདག་གིར་བཞེས་པའི་ཆོས་སྡེ་ཆེན་པོ། རྫ་དབོན་པོ་དགོན་གྱི་ཁྲི་ལས་འཛིན་པ་མཆོག་སྤྲུལ་བསྟན་འཛིན་གྲགས་པ་རིན་པོ་ཆེ་དང་། བློ་གསལ་སྨྲ་བའི་དབང་པོ་རྒན་དགྲ་ལྷ། སེར་ཤུལ་དགོན་གྱི་དགེ་བཤེས་པདྨ་རྡོ་རྗེ་བཅས་ནས་ཐུགས་ཁུར་ཆེར་བཞེས་ཀྱིས་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་ལ་མདོ་ཁམས་འདིར་འཇང་དགུན་ཆོས་ཞིག་འཛུགས་ཐུབ་ཚེ་དགོས་གལ་ཧ་ཅང་ཆེ་བར་མ་ཟད། དེ་ཡང་ཐོག་མར་སེར་ཤུལ་དགོན་དུ་འཚོགས་ན་དགོས་པ་ལྷག་པོ་ཡོད་ཚུལ་དང་། དམ་པ་མཆོག་གིས་རྒྱབ་སྐྱོར་ཐོབ་ན་ནུས་པ་ཧ་ཅང་ཆེན་པོ་ཐོན་ཚུལ་སོགས་ཞུས་པར། རིན་པོ་ཆེ་མཆོག་ཧ་ཅང་ཐུགས་དགྱེས་པའི་སྒོ་ནས། ཁྱེད་རྣམ་པའི་ཐུགས་བསམ་དེ་ཧ་ལས་པ་རེད། དེ་ལས་ལྷག་པའི་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་ཕྱི་ཞིག་བྱེད་རྒྱུ་མེད། དེ་ལ་ངས་ནུས་པ་གང་ཡོད་ཀྱིས་ཞབས་འདེགས་ཞུ་ངེས་ཡིན། འོན་ཀྱང་ད་ལོ་ང་ཚོའི་དགོན་པ་འདི་ལ་ལས་ཀ་མང་དག་ཞིག་གི་མཇུག་སྐྱོང་བཞིན་པ་ཡིན་པས་དཀའ་ངལ་ཕྲན་བུ་འདུག ལོ་འདིར་དབོན་པོ་དགོན་པ་ལ་འཚོགས་ཐུབ་སོང་ཚེ། ལོ་རྗེས་མར་སེར་ཤུལ་དགོན་ལ་འཚོགས་ངེས་དང་། ད་དུང་མུ་མཐུད་དུ་འཚོགས་མཁན་མེད་ན་སེར་ཤུལ་དགོན་པས་གྲ་སྒྲིག་བྱེད་ཆོག་ཅེས་སོགས་གསུངས་ནས་དེ་ལྟར་ཐུགས་ཐག་བཅད་ནས། མདོ་ཁམས་འཇང་དགུན་ཆོས་ཐོག་མ་དེ་སྤྱི་ལོ་༡༩༩༩ལོར་རྫ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དུ་རྒྱས་འཚོགས་གནང་། དེ་ནས་སེར་ཤུལ་དགོན་དང་། མཁར་ནང་དགོན་སོགས་དགོན་པ་མང་པོའི་ལོ་ལྟར་གྲ་སྒྲིག་བྱེད་བཞིན་པ་རེད། སྤྱི་ལོ་༢༠༠༢ལོར་བཤད་སྒྲུབ་བསྟན་པའི་འབྱུང་གནས་རྫ་འབུམ་རྙིང་དགོན་དུ་མདོ་ཁམས་འཇང་དགུན་ཆོས་ཐེངས་བཞི་བ་འཚོགས་སྐབས། དེར་འདུས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པས་མགྲིན་དབྱངས་གཅིག་གྱུར་གྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྟར་འདི་ལོ་ནས་བཟུང་དམ་པ་མཆོག་ཉིད་མདོ་ཁམས་འཇང་དགུན་ཆོས་ཐོག་ཆེན་མོའི་ཚོགས་གཙོར་མངའ་གསོལ་མཛད། དེ་ཡང་འཇང་དགུན་ཆོས་ཆེན་མོའི་རྒྱུན་ལས་སྐབས་གཉིས་ཏེ་ལོ་དྲུག་གི་རིང་དུ་འཚོགས་གཙོའི་ཐུགས་འགན་བཞེས། གཞན་ཡང་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་མཆོག་ནས་ལོ་ལྟར་མདོ་ཁམས་འཇང་དགུན་ཆོས་འཚོགས་སྐབས་སུ་འདུས་མང་ལ་བསྙེན་བཀུར་འབུལ་བ་དང་། སློབ་སྦྱོང་གི་མཐུན་རྐྱེན་དུ་འཇང་དགུན་ཚོགས་པ་ལ་སྒོར་༢༠༠༠༠ཐམ་པ་རེ་འབུལ་གནང་མཛད་པར་མ་ཟད་དམ་པ་མཆོག་གིས་དབུ་འདྲེན་གྱིས། འཇང་དགུན་ཆོས་ཚོགས་པས་བཀའ་དགོངས་འོག་དེར་འདུས་ཀྱི་དགོན་ཁག་ཚང་མའི་འཚོགས་ནས་དཀར་སྐྱོང་མཛད་རྒྱུ་བྱས་པ་སོགས་བསྟན་འགྲོ་ལ་སྨན་པའི་བྱ་བ་རླབས་ཆེན་མཛད་དོ། དེ་ནས་སྤྱི་ལོ་༢༠༠༣ལོར་མདོ་ཁམས་འཇང་དགུན་ཆོས་ཐེངས་ལྔ་བ་བཤད་སྒྲུབ་བསྟན་པའི་འབྱུང་གནས་བོ་རོད་དགོན་དུ་འཚོགས། སྐབས་དེར་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་གི་གཙོས་དེར་འདུས་ཀྱི་མཁས་མང་ཡོངས་ནས་དགོན་པ་དེའི་བསྟན་བདག་ངེས་དོན་ཚད་མའི་སྐྱེས་ཆེན་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་གང་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསོད་ནམས་བསྟན་པའི་དབང་ཕྱུག་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་གསོལ་འདེབས་ཕུལ། དེ་སྐབས་ཀྱི་ཁྲི་རིན་པོ་ཆེའི་བཀའ་སློབ་ཟུར་བཀོར་ལྟར་རོ། །



དེ་བཞིན་སྤྱི་ལོ་༢༠༠༤ལོའི་མདོ་ཁམས་འཇང་དགུན་ཆོས་ཐེངས་དྲུག་པ་བློ་གསལ་མཁས་མང་འདུས་པའི་འབྱུང་གནས་ཟིལ་དཀར་དགོན་དུ་རྒྱས་འཚོགས་གནང་སྐབས་ཞྭ་སེར་བསྟན་པའི་གསལ་བྱེད་ཟིལ་དཀར་མཆོག་སྤྲུལ་རིན་པོ་ཆེའི་གཙོས་གདན་ས་རྣམ་གསུམ་ནས་ཕེབས་པའི་བཀའ་རམས་འབྱམས་དགེ་བའི་བཤེས་གཉེན་བཅུ་ཕྲག་གཅིག་ལྷག་ཆོས་ཚོགས་དེར་ཆེད་ཕེབས་གནང་། མཁས་པའི་དབང་པོ་དེ་དག་གིས་༧སྐྱབས་རྗེ་ཁྲི་རིན་པོ་ཆེས་གཙོ་སྐྱོང་གནང་བའི་མདོ་ཁམས་འཇང་དགུན་ཆོས་ཆེན་མོར་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ཞིང་། རིན་པོ་ཆེ་མཆོག་ནས་ཀྱང་མཁས་པའི་དབང་བོ་དེ་དག་ཕེབས་པར་ཐུགས་དགྱེས་པ་ཆེན་མོས་ཁྱེད་རྣམ་པར་མ་འོངས་པར་གདན་ས་ཁག་དང་ཆོས་རྒྱུད་ཁག་གི་མཁས་དབང་རྣམས་ཀྱིས་ཆོས་ཚོགས་འདི་ལ་ལམ་སྟོན་དང་རྒྱབ་སྐྱོར་གནང་དགོས་པའི་གསོལ་འདེབས་གནང་བར་མ་ཟད། ཚོགས་དབུས་སུ་དགེ་འདུན་ནང་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་དགོས་པ་དང་། བསླབ་པ་སློབ་གཉེར་ཡག་པོ་གནང་དགོས་སྐོར་སོགས་བཀའ་སློབ་ཞིབ་ཅིང་ཕྲ་བ་གནང་། ༢༠༠༥ལོར་མདོ་ཁམས་འཇང་དགུན་ཆོས་ཐེངས་བདུན་པ་མཁས་གྲུབ་བྱེ་བའི་ཚོགས་ཀྱིས་ལེགས་བཤད་དབྱངས་སྙན་སྒྲོག་པའི་དགའ་ཚལ་ཆོས་སྡེ་ཆེན་པོ་རྫ་འབུམ་གསར་དགོན་དུ་འཚོགས། དེ་སྐབས་ཁྲི་རིན་པོ་ཆེ་འཚོགས་མགོན་དུ་ཕེབས་ཏེ་ཕྱོགས་མཐའ་དག་ནས་ཕེབས་པའི་མཁས་མང་འདུས་པ་རྒྱ་མཚོར་འཚམས་འདྲི་དང་འབྲེལ། དགེ་འདུན་པ་ཚོས་བསླབ་པ་སློབ་གཉེར་ཡག་པོ་གནང་དགོས་ཚུལ། གསུང་རབས་ཀྱི་དགོངས་དོན་ཤེས་ནས་དད་པ་ཐོབ་པ་ཉམས་སུ་ལེན་པ། འཇིག་རྟེན་གྱི་ཁམས་འདིར་འདུ་འཛི་རྣམ་གཡེང་ཧ་ཅང་འཁྲུགས་ཆེ་ཞིང་ལྔ་བརྒྱ་ཐ་མའི་དུས་འདིར། ང་ཚོ་ནང་བ་སངས་རྒྱས་པ་ཚང་མ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དུ་འོང་པའི་ཐབས་སུ་འབད་བརྩོན་ཡག་པོ་གནང་དགོས་ཚུལ།



དེ་ཡང་ཆོས་ཉམས་སུ་བླངས་པའི་འབྲས་བུ་དཀོན་མཆོག་ལ་ཡིད་ཆེས། ལས་འབྲས་ལ་བརྩི་བཀུར། ལུས་ཀྱི་སྤྱོད་ལམ། སེམས་ཀྱི་ཞི་བདེ་སོགས་གང་ལ་བལྟས་ཀྱང་གཞན་དང་མི་འདྲ་པའི་ཁྱད་ཆོས་ཞིག་ངེས་པར་ཡོད་དགོས་པ། ཆོས་ཀྱི་གནས་ལུགས་མི་ཤེས་པ་དང་། ཆོས་ལ་ཡིད་ཆེས་ཀྱི་དད་པ་མེད་པར་ཕྱག་འཚལ་སྐོར་བ་བྱེད་པ་སོགས་ནི་དགེ་སྦྱོར་ཕལ་བ་ཡིན་པས་ནུས་པ་ཡང་དེ་ཙམ་ཆེན་པོ་མེད་ལུགས། ད་དུང་ལྷ་གསོལ་ཀླུ་གསོལ་དང་དམ་སྲི་རྒྱལ་འགོང་སོགས་མཆོད་པ་ནི་ནང་བ་སངས་རྒྱས་པའི་ཁྱད་ཆོས་རྩ་བ་ནས་མིན་པ། ང་ཚོས་སྲུང་མ་དེ་དང་དེ་སྟེན་པ་ལ་ཚེ་འདིར་གཞན་གྱིས་ཁ་སྨད་བྱེད་པ་སོགས་ཁ་ལས་རླུང་རྟ་མི་དར་པ་དང་། སྐྱབས་འགྲོའི་བསླབ་བྱ་དང་འགལ་བ། བླ་མ་སྐྱེས་བུ་དམ་པའི་བཀའ་དང་འགལ་བ་སོགས་དང་། ཚེ་ཕྱི་མར་ངན་སོང་དུ་འགྲོ་དགོས་པ་སོགས་བྱུང་ན་དེ་འདྲའི་ལྷ་སྲུང་དེ་མང་ཆེན་པོ་ག་འདྲ་ཞིག་ཡིན་ཀྱང་ངེས་པར་སྟེན་མི་རུང་། མདོར་ན་རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་ཀུན་མཁྱེན་ཤཱཀྱ་སེངྒེ་དེ་ཉིད་ཀྱི་བསྟན་པ་རིན་པོ་ཆེ། རྒྱ་གར་པཎ་གྲུབ་རྣམས་ཀྱིས་དཔྱད་པ་གསུམ་གྱི་སྒོ་ནས་ཇི་ལྟར་བསྟན་ལ་ཕབས་པའི་ཚུལ་རྣམས། ཁ་བ་རི་བ་རྣམས་ཀྱིས་བཀའ་དྲིན་དང་ཐུགས་རྗེའི་བདག་ཉིད་བླ་ན་མེད་པ་མཁན་སློབ་ཆོས་གསུམ་དང་། གྲུབ་མཆོག་རིག་པ་འཛིན་རྣམས་ཀྱི་གཙུག་གི་རྒྱན་གཅིག་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྒྲ་བསྒྱུར་མར་བ་བཞད་པའི་རྡོ་རྗེ་སོགས་མར་མི་དག་གསུམ་དང་། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཐུབ་པའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་དགུང་དུ་འདེགས་པར་མཛད་པའི་ས་ཆེན་གོང་མ་རྣམ་ལྔ་དང་། ལྟ་སྒོམ་སྤྱོད་གསུམ་གྱི་ཆ་གང་ལ་ཡང་འཁྲུལ་བའི་དྲི་མ་ཅུང་ཟད་ཀྱང་མི་མངའ་པ་གངས་ལྗོངས་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་མི་ཡི་གར་དུ་རྣམ་པར་རོལ་བ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་ཆེན་པོ་ཡབ་སྲས་རྒྱུད་པ་དང་བཅས་པ་རྣམས་ཀྱིས་ཇི་ལྟར་གཏན་ལ་ཕབས་པའི་ཚུལ་རྣམས། རང་ཅག་རྗེས་འཇུག་བུ་སློབ་དང་བཅས་པ་རྣམས་ཆགས་སྡང་རྨོངས་གསུམ་གྱི་དབང་དུ་མ་སོང་པར་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཡང་དག་པ་ཞིག་ངེས་པར་བྱེད་དགོས་ཞེས་སོགས་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བ་དང་འཇང་དགུན་ཆོས་དང་། མཁས་པའི་ལྷན་ཚོགས་གཉིས་ཀྱི་ཚོགས་གཙོ་བྱས་ནས་ལོ་གསུམ་གྱི་ལས་ཁུར་མཐར་ཕྱིན་པ་དང་། ཕྱིས་འབྱུང་ཡང་ང་རང་ཚོགས་གཙོ་ཡིན་མིན་ལ་མ་ལྟོས་པར་ཆོས་ཚོགས་འདི་ལ་ཞབས་ཕྱི་གང་ཐུབ་ཞུ་ངེས་ཡིན་པ་སོགས་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་གསུངས།  ཡིན་ན་ཡང་ཚོགས་གཙོ་གསར་བ་འོས་འདེམས་གནང་སྐབས་དེར་འདུས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཐུགས་བཞེད་གཅིག་མཐུན་གྱིས། སླར་ཡང་ཁྲི་རིན་པོ་མཆོག་ཚོགས་གཙོར་འོས་འདེམས་གནང་བ་ལྟར་ཁྲི་རིན་པོ་ཆེ་ནས་ཀྱང་དེ་བཞིན་ཞལ་བཞེས་གནང་པར་མཛད། འཇང་དགུན་ཆོས་ཐེངས་བརྒྱད་པ་དང་དགུ་བ་བཅུ་བ་བཅས་ཀྱི་ཚོགས་གཙོ་མཛད་པར་མ་ཟད་གྲྭ་བློ་གསལ་བ་རྣམས་ལ་ཉེ་བར་མཁོ་དགོས་ཀྱི་དཔེ་དེབ་བློ་བཟང་དགོངས་རྒྱན་སོགས་དེབ་འཕྲེང་45ལ་ཡོད་ལ་ཁྱོན་གྲངས་45000ཙམ་འགྲེམས་སྤེལ་བྱས་པ་དེ་དག་གི་འགྲོ་སོང་རིན་པོ་ཆེ་ཉིད་ཀྱིས་སྔ་གཡར་གྱི་མཐུན་རྐྱེན་གནང་བར་མཛད། དེ་བཞིན་འཇང་དགུན་ཆོས་འཚོགས་མཁན་གྱི་དགོན་པ་ཁག་ལ་ལོ་ལྟར་ཆེད་ཕེབས་ཀྱིས་འཚོགས་དམངས་ལ་བཀའ་སློབ་གནང་བ་དང་། འདུས་སྡེ་ལ་བསྙེན་བཀུར་མཆོད་འབུལ་བྱེད་པ་བཅས་མཛད་མུས་སུ་མཆིས།  མདོར་ན་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་འོང་ཐབས་ཀྱི་ཆེད་དུ་སྒོ་ཐམས་ཅད་ནས་འབད་བརྩོན་ལྷོད་མེད་མཛད་པ་སོགས་སྲས་བཅས་རྒྱལ་བ་མ་ལུས་པ་མཉེས་བར་བྱེད་པའི་རྣམ་པར་དཀར་བའི་ལས་ལ་ངང་གིས་གནས་སོ།།



ཞར་བྱུང་དུ་རྟེན་བཞེངས་དང་སློབ་ཡོན་གསོལ་བསྩལ་གྱི་སྐོར།


བླ་མ་རིན་པོ་ཆེ་མཆོག་གིས་ཕྱོགས་ཡན་མན་གྱི་དགོན་ཁག་སོ་སོ་ལ་རྟེན་བཞེངས་དང་། སློབ་གཉེར་པ་ལ་སློབ་སྦྱོང་གི་ཆ་རྐྱེན་ཇི་ལྟར་གནང་ཚུལ་ནི། ལྷ་ས་སེར་བྱེས་བྱ་བྲལ་ཁམས་ཚན་ལ་དཔལ་ལྡན་ལྷ་མོའི་མགོན་ཁང་གསར་བཞེངས་དང་། སློབ་སྦྱོང་གི་མཐུན་རྐྱེན་དུ་ལོ་གསུམ་གྱི་རིང་ལོ་ལྟར་སྒོར་༢༠༠༠༠ཐམ་པ་རེ་དང་། དེ་བཞིན་མཁར་ནང་དགོན་པ། བ་རོང་དགོན་པ། འབུམ་རྙིང་དགོན་པ་བཅས་ལ་སློབ་སྦྱོང་གི་ཆ་རྐྱེན་དུ་ལོ་གསུམ་གྱི་རིང་ལོ་རེར་སྒོར་༢༠༠༠༠ཐམ་པ་དང་། ཀ་བཞི་དགོན་པ་ལ་ཆོས་ར་གསར་བཞེངས་ཀྱི་ཆེད་སྒོར་འབུམ་གཅིག །དགོན་དེའི་སློབ་གཉེར་པ་ལ་ལོ་གསུམ་གྱི་རིང་གོང་ལྟར་གསོལ་སྩལ་གནང་། སྔ་འགྱུར་ལྕང་མ་དགོན་པ་ལ་ཟང་མདོག་དཔལ་རིའི་ཕོ་བྲང་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་ལེགས་འགྲུབ་མཛད། སློབ་གཉེར་པ་རྣམས་ལ་ཡང་གོང་བཞིན་རོགས་སྐྱོར་མཛད། པྰ་ཐུལ་སྡེ་བ་མང་ཚོགས་ཀྱི་ནང་ཆོས་སློབ་སྦྱོང་བྱེད་སའི་ཚོགས་ཁང་གསར་རྒྱག་གི་ཆེད་སྒོར་༥༠༠༠༠ཐམ་པ་དང་། མང་དགེ་དགོན་པར་ཁྱབ་བདག་དགེ་ལེགས་ཡར་འཕེལ་གྱི་བཀའ་འབུམ་སྡུད་སྒྲིག་བྱེད་རྟེན་སྒོར་༥༠༠༠༠ཐམ་པ་དང་། ཆོས་ར་གསར་བཞེངས་ཆེད་སྒོར་༢༠༠༠༠ཐམ་པ། སྔ་འགྱུར་དྲེལ་དཀར་དགོན་ལ་གཙུག་ལག་ཁང་གསར་བཞེངས་ལེགས་འགྲུབ་མཛད། འདན་ཉི་རྫོང་དགོན་པ་ལ་སློབ་གཉེར་པའི་མཐུན་རྐྱེན་དུ་སྒོར་འབུམ་གཅིག །སེར་ཤུལ་དགོན་གྱི་ཡུལ་མི་བགྲེས་སོང་རྣམས་སྔ་དགོང་དང་ཉིན་གུང་སྐོར་བ་བྱེད་སྐབས་གསོལ་ཇའི་ཆེད་ལོ་རེར་སྒོར་༢༣༠༠༠ཐམ་པ་དང་། རྫ་སྟོད་ས་གནས་གཞུང་གི་སློབ་གྲྭ་ཁག་ལ་སློབ་སྦྱོང་གི་ཆ་རྐྱེན་དུ་ལོ་ལྟར་སློབ་གྲྭའི་འཛིན་ཆས་དང་།


         


གྱོན་ཆས་སོགས་གནང་ནས་མ་འོངས་པར་སོ་སོའི་མི་རིགས་དང་ཆོས་ལུགས་ལ་ཞབས་ཕྱི་ཞུ་དགོས་ཚུལ་དང་། སློབ་སྦྱོང་ཡག་པོ་བྱེད་དགོས་ཚུལ་སོགས་སློབ་སྟོན་ཡང་ཡང་གནང་། སེར་ཤུལ་རྫོང་དུ་ཁྲི་བའི་རེ་བཅོལ་སློབ་མ་ཞེས་པའི་སློབ་མ་ཁག་གཅིག་ལ་སློབ་ཡོན་སྤྲད་ནས་སློབ་སྦྱོང་མཐར་ཕྱིན་པར་བྱས། ས་གནས་དབུལ་ཕོངས་འགའ་ཞིག་གི་ཉམ་ཐག་ཕྲུག་གུ་བཅུ་ཕྲག་གཉིས་ལྷག་རྒྱ་ཡུལ་དུ་སློབ་གྲྭར་བཏང་། དེ་བཞིན་ས་གནས་སློབ་གྲྭའི་དགེ་རྒན་ཚོར་ཡང་དངོས་པོ་གྱ་ནོམ་པ་གནང་ནས་ཕྲུག་གུ་ཚོ་ལ་སློབ་སྦྱོང་ཡག་པོ་སྤྲོད་དགོས་པ་དང་། དེ་ལྟར་བྱས་ཚེ་རྒྱལ་ཁབ་དང་མི་རིགས་ལ་དེ་ལས་ལྷག་པའི་ཞབས་ཕྱི་ཞིག་ཞུ་རྒྱུ་མེད་ཚུལ་སོགས་བཀའ་སློབ་ཡང་ཡང་གནང་། རྒྱུན་དུ་ས་གནས་ལས་བྱེད་བགྲེས་སོང་རྣམས་ལ་དད་རྟེན་དང་དངོས་རྫས་ཡང་ཡང་གནང་བར་མཛད་པ་སོགས་བཀའ་དྲིན་དང་ཐུགས་རྗེའི་བདག་རྐྱེན་བསམ་གྱིས་མི་ཁྱབ་པས་གཟིགས་སྐྱོང་ཚད་མེད་པ་གནང་བར་མཛད། ༢༠༠༦བོད་ལྗོངས་ནག་ཆུ་ཆབ་མདོའི་ས་ཁུལ་གྱི་ཡུལ་གྲུ་དུ་མར་ཕེབས་ནས་ཆབ་མདོ་ཕོ་བྲང་དགོན་པ་དང་། བོད་ལྗོངས་འབྲོམ་བུ་བྱམས་པ་གླིང་། ནག་ཆུ་བྱ་འདའ་དགོན། ནག་ཆུ་དབེན་དགའ་དགོན་སོགས་ཆོས་སྡེ་དུ་མར་བཤད་སྒྲུབ་ཀྱི་བསྟན་པ་གོང་འཕེལ་དུ་འོང་ཐབས་ཀྱི་ཆ་རྐྱེན་དུ་སྒོར་༥༠༠༠༠ཐམ་པ་རེ་བསྩལ་གནང་བ་དང་། ས་ཁུལ་དེ་དག་གི་རྒྱ་ཆེའི་ཆོས་དད་སེར་སྐྱ་མི་དམངས་ཡོངས་ལ་མི་རིགས་རང་གི་འདུན་ལམ་ལས་བརྩམས་ཏེ་ལུགས་གཉིས་ཀྱི་བསླབ་བྱ་ཟབ་མོ་བཀའ་སྩལ་མཛད། གཞན་ཡང་དམ་པ་མཆོག་ས་གནས་གང་དུ་ཕེབས་ན་ཡུལ་དེའི་དད་ལྡན་མང་ཚོགས་རྣམས་ལ་དད་རྟེན་དང་བསླབ་བྱ། མི་མང་ཉམ་ཐག་ཚོ་ལ་བྱམས་བརྩེའི་སྦྱིན་གཏོང་སོགས་ཇི་ལྟར་གནང་བའི་ཚུལ་ནི་བགྲང་ཡང་བགྲང་བར་མི་ནུས་སོ།།


 སྨྲས་པ། བདེན་བཞིའི་འཇུག་ལྡོག་ཕན་དང་བདེ་བའི་གཏེར། །རྒྱལ་བསྟན་རིན་ཆེན་མདོ་ཁམས་ཡུལ་ལྗོངས་སུ། །ཆེས་ཆེར་གསལ་མཛད་འཇང་དགུན་ཆོས་ཐོག་གི །སྲོལ་བཟང་དགུང་དུ་འདེགས་པའི་ཐུགས་བསྐྱེད་སྨིན། །བསྟན་པ་རིན་ཆེན་རིང་དུ་གནས་པའི་སླད། །དགོན་ཁག་དུ་མར་རྟེན་བཞེངས་མཆོད་འབུལ་དང་། །བཤད་དང་སྒྲུབ་པའི་མཐུན་རྐྱེན་ལེགས་སྦྱར་བས། །མཁས་པའི་བྱ་བ་རྣམ་གསུམ་འཕེལ་བར་མཛད། །


རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས། 

པར་ལེན་པ།  ཕོལ་བ། སྐུ་འབུམ་སྐྱབས།



སྒྲ་ལམ་སློབ་ཚན་ཕབ་ལེན།