སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་རྣམ་ལས་བདེ་ཆེན་ཕོ་བྲང་གསར་བཞེངས་དང་ནང་བསྟན་སློབ་གླིང་གསར་འཛུགས་གནང་བ།

དུས་ཚོད།2017-04-15 16:34ཡོང་ཁུངས།རྩོམ་པ་པོ། སེར་བྱེས་དགེ་བཤེས་ཐོས་བསམ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


ལྷུན་གྲུབ་བདེ་ཆེན་ཕོ་བྲང་ལེགས་གྲུབ་མཛད་པ།

སྤྱི་ལོ་༢༠༠༠ལོར་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་བདེ་ཆེན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་ལེགས་པར་གྲུབ་སྟེ་རབ་གནས་དགའ་སྟོན་གྱི་མཛད་སྒོར། རྒྱལ་ཁབ་ཁག་མི་འདྲ་བ་བཅུ་གསུམ་ཙམ་གྱི་ནང་དུ་ཡོད་པའི་དམ་པ་མཆོག་ཉིད་ཀྱི་སློབ་མ་རྣམས་སྐོམ་པ་ཆུ་འདོད་ཀྱི་དཔེ་ལྟར་ངལ་བ་ལྷུར་བཞེས་ཀྱི་སྒོ་ནས་ཆོས་ཀྱི་དགའ་སྟོན་དེར་མཉམ་ཞུགས་གནང་།



གཙུག་ལག་ཁང་དེའི་ནང་རྟེན་གྱི་གཙོ་བོར་རྒྱལ་བ་འོད་དཔག་མེད་ཀྱི་སྐུ་བརྙན་མཐོ་ཚད་ཐོག་བརྩེགས་གསུམ་ཅན། གཡས་གཡོན་དུ་སྤྱན་རས་གཟིགས་དང་། གསང་བདག་ཕྱག་ན་རྡོ་རྗེ་སོགས་བྱང་སེམས་ཉེ་བའི་སྲས་བརྒྱད། དེའི་མཐའ་འཁོར་དུ་རྒྱ་གར་འཕགས་པའི་ཡུལ་ནས་གདན་འདྲེན་ཞུས་པའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་སྟོང་སྐུ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་གསུང་རབ་པོ་ཏི་མང་པོ་བཞུགས།



ཐོག་བརྩེགས་གཉིས་པའི་མདུན་ངོས་སུ་ཚོགས་ཁང་ཆེ་བ་གཅིག གཡས་ངོས་སུ་ཡི་དམ་པདྨ་དབང་ཆེན་གྱི་ལྷ་ཁང་། གཡོན་ངོས་སུ་ཚེ་ལྷ་རྣམ་གསུམ་གྱི་ལྷ་ཁང་། རྒྱབ་ངོས་ཀྱི་གཡས་ཕྱོགས་སུ་རྗེ་ཡབ་སྲས་གསུམ་དང་འཁོར་དག་པ་རྣམ་བརྒྱད་ཀྱི་ལྷ་ཁང་། གཡོན་ཕྱོགས་སུ་སློབ་དཔོན་ཐུགས་རྗེ་ཅན་སོགས་གུ་རུ་མཚན་བརྒྱད་ཀྱི་ལྷ་ཁང་། ཐོག་བརྩེགས་གསུམ་པའི་མདུན་ངོས་ཀྱི་གཡས་ཕྱོགས་སུ་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་ལྷ་ཁང་། དེའི་རྒྱབ་ཀྱི་གཡས་ཕྱོགས་སུ་ཇོ་བོ་ཡིད་བཞིན་ནོར་བུ་དང་ལྟུང་བཤགས་ལྷ་སུམ་ཅུ་སོ་ལྔའི་ལྷ་ཁང་། གཡོན་ཕྱོགས་སུ་རྒྱལ་བོ་ཆེན་པོ་རྣམ་ཐོས་སྲས་སོགས་ནོར་ལྷའི་ལྷ་ཁང་། ཐོག་བརྩེགས་བཞི་བར་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་། ཕོ་བྲང་གི་མདུན་གྱི་གཡས་ཁང་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་བློས་བསླངས་དཀྱིལ་འཁོར་དང་། རྗེ་ཡབ་སྲས་གསུམ་སོགས་བརྒྱུད་པའི་བླ་མ་རྣམས་དང་། སྐྱེས་བུ་གསུམ་གྱི་སྲུང་མ་སོགས་ཆོས་སྐྱོང་རྣམས་ཀྱི་སྣང་བརྙན། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་གསུང་རབ་པོ་ཏི་མང་པོ་བཞུགས། སྒོ་ཁང་གཡོན་པར་མཁན་སློབ་ཆོས་གསུམ་གྱི་སྣང་བརྙན་དང་སྐུ་ཐང་མང་དུ་བཞུགས། ཕོ་བྲང་གི་མདུན་ཐང་དུ་དད་ལྡན་མང་ཚོགས་རྣམས་ཀྱིས་ཕྱག་སྦྱང་བྱེད་ཡུལ་གྱི་རྡོ་བཅལ་ཆེན་མོ་སོགས་འགྲོ་བ་ལྷ་མི་ཐམས་ཅད་ཀྱི་ཕྱག་མཆོད་པའི་གནས་སུ་གསར་བསྐྲུན་མཛད་དོ།།



མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་གནང་བ།

  

སྤྱི་ལོ་༢༠༠༠ལོའི་ལོ་མགོར་ཕན་བདེའི་ལེགས་ཚོགས་ཀུན་གྱི་གཞི་རྩ་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལས་ལྷག་པའི་སངས་རྒྱས་ཀྱི་བསྟན་པ་འཛིན་ཚུལ་ཞིག་མེད་པར་གཟིགས་ནས་དུས་རབས་དང་མཐུན་པར་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་ཆེན་མོ་གསར་འཛུགས་གནང་། སློབ་གླིང་འདིའི་ནང་ད་བར་དགོན་ཁག་ཉིས་བརྒྱ་དྲུག་ཅུ་ལྷག་གི་སློབ་གཉེར་བ་རྣམས་ཕེབས་ཏེ་སློབ་སྦྱོང་བྱེད་བཞིན་པར་མ་ཟད། སློབ་མའི་གྲངས་དགེ་འདུན་པ་1500 ཡས་མས་ཡོད་པ་དང་། དགེ་རྒན་ལ་མཚོན་ན་བྱེས་ཀྱི་གདན་ས་ཆེན་པོ་སེར་བྱེས་མཁན་སྙན་གྲྭ་ཚང་ནས་ཆེད་དུ་གདན་ཞུས་གནང་བའི་ལྷ་རམས་པ་དྲུག་གི་གཙོའི་དགེ་བའི་བཤེས་གཉེན་གྲངས་སུམ་ཅུ་སོ་གཉིས་ཀྱིས་སློབ་གླིང་འདི་ཉིད། ཉིན་མཚན་འཁོར་མོ་ཡུག་ཏུ་བསྐྱང་དང་སྐྱོང་བཞིན་ཡོད་པས་ཐུགས་མཐུན་ཁྲིམས་གཙང་དང་བཤད་སྒྲུབ་ཆོས་སྤྱོད་ཀྱི་བྱ་བ་རྣམས་དབྱར་གྱི་མཚོ་ཆེན་ལྟར་རྒྱས་བཞིན་པ་ལགས།



དེ་དག་གི་མཐུན་རྐྱེན་ཕྱི་ནང་གང་སར། བཀའ་དྲིན་དང་ཐུགས་རྗེའི་བདག་ཉིད་སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་གི་གཙོའི་དགོན་པའི་གཞུང་ཁག་གསུམ་གྱིས་གནང་བ་དང་། སློབ་གླིང་གི་གཙུག་ལག་ཁང་ཐོག་མ་དེ་དམ་པ་མཆོག་ཉིད་ཀྱི་སློབ་མ་རྒྱ་ཡི་དགེ་བསྙེན་མ་ཆེན་མོ་ཀུན་བཟང་དབང་མོ་ལགས་གཙོ་བོར་གྱུར་བའི་དད་ལྡན་ཁག་ནས་མཐུན་རྐྱེན་གནང་སྟེ། སྤྱི་ལོ་༢༠༠༤ལོར་སློབ་གླིང་གི་གཙུག་ལག་ཁང་ཆེན་མོ་གསར་བཞེངས་ལེགས་པར་གྲུབ་ནས་རབ་གནས་དགའ་སྟོན་གྱི་མཛད་སྒོར་ཨ་རི་དང་རྒྱ་ནག་ནས་ཕེབས་པའི་དད་ལྡན་སློབ་མ་བཅུ་ཕྲག་དྲུག་ལྷག་མཉམ་ཞུགས་མཛད་པ་དང་། མཛད་སྒོ་དེ་དང་སྟབས་བསྟུན་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཉིན་བཞིའི་རིང་རྒྱས་འཚོགས་གནང་། ས་གནས་དད་ལྡན་མི་མང་ཡོངས་ནས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟར་གཙང་ཞིང་ཡིད་དུ་འོང་པ་ཟབ་ཅིང་རྒྱ་ཆེ་བ་རྒྱས་པར་བཤམས།



དེ་སྐབས་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཕེབས་ནས་དད་ལྡན་མི་མང་རྣམས་ལ་བདེ་བ་ཅན་གྱི་ཞིང་གི་བཤད་པ་རྒྱས་པར་མཛད་པ་དང་། བྱང་སེམས་ཀྱི་སྡོམ་པ་གནང་བ་སོགས་ཉིན་རེ་བཞིན་རྒྱུ་བཞི་ཆ་ཚང་བ་འགྲུབ་པར་བྱས་པ་སོགས་དེར་འདུས་རྒྱ་བོད་ཀྱི་སྐྱེ་བོ་ཕོ་མོ་ཡོངས་ལ་དམ་ཆོས་བདུད་རྩིས་ཚིམ་པར་མཛད། གཙུག་ལག་ཁང་འདིའི་ནང་བརྟེན་གཙོ་བོ་དབུས་སུ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། གཡས་སུ་རྗེ་བཙུན་བྱམས་པ་མགོན་པོ། འཕགས་པ་ཐོག་མེད། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་སྣང་བརྙན། གཡོན་དུ་རྗེ་བཙུན་འཇམ་དཔལ་དབྱངས། མགོན་པོ་ཀླུ་སྒྲུབ། མཉམ་མེད་ཇོ་བོ་ཆེན་པོ་རྣམས་ཀྱི་སྐུ་བརྙན་དང་གསུང་རབ་པོ་ཏི་མང་པོ་བཞུགས། ཐོག་བརྩེགས་གཉིས་པའི་རྒྱབ་ངོས་ཀྱི་དཀྱིལ་དུ་ཇོ་བོ་ཡིད་བཞིན་ནོར་བུ་དང་། མཉམ་མེད་ཐུབ་དབང་རིན་པོ་ཆེ་སྟོང་སྐུའི་ལྷ་ཁང། དེས་གཡས་སུ་ཡིག་པར་ཁང་དང་། གཡོན་དུ་ཚོགས་འདུ་ཁང་ཆེན་མོ། དེ་དག་གི་མདུན་དུ་རིམ་བཞིན་ནང་བསྟན་སློབ་གླིང་གི་དགེ་རྒན་རྣམ་པ་དང་། ཁྲི་རིན་པོ་ཆེའི་གཟིམ་ཤག་སོགས་བཞུགས། ཐོག་བརྩེགས་གསུམ་པར་རྒྱ་བོད་པཎ་གྲུབ་ཀྱི་གསུང་རབ་བཞུགས་པའི་དཔེ་མཛོད་ཁང་ཆེན་མོ་དང་། གཙུག་ལག་ཁང་གི་མདུན་དུ་སེར་ཤུལ་དགོན་གྱི་ཁྲི་ཐོག་༤༥ པ་ཞྭ་སེར་བསྟན་པའི་མཛེས་རྒྱན་སྒོམ་པ་མཆོག་སྤྲུལ་རིན་པོ་ཆེས་གསར་བཞེངས་གནང་བའི་སློབ་གླིང་གི་ཆོས་རྭ་ཆེན་མོ། མཐའ་སྐོར་དུ་ཕྱོགས་སོ་སོ་ནས་ཕེབས་པའི་གྲྭ་རྒྱུན་རྣམས་བཞུགས་ཡུལ་གྱི་གྲྭ་ཤག་གྲངས་༡༦༠ལྷག་བཅས་གསར་བཞེངས་གནང་ཡོད།




རྗེས་སུ་སློབ་མའི་གྲངས་འབོར་མང་རུ་སོང་སྟེ་ཚོགས་ཁང་གི་མ་འདེང་བའི་དཀའ་ཁག་བྱུང་སྟབས། ནང་བསྟན་སློབ་གླིང་གི་གཙུག་ལག་ཁང་གཉིས་པ་ཞིག་གསར་བསྐྲུན་མཛད་དེ་སྔར་གྱི་ནང་རྟེན་ཁག་ཚང་མ་གཙུག་ལག་ཁང་འདིའི་ནང་དུ་གདན་ཞུས་གནང་བ་དང་། རྟེན་གཙོ་མཉམ་མེད་ཐུབ་པའི་དབང་པོ་གཙོ་འཁོར་གསུམ་གསར་བཞེངས་མཛད། ཐོག་བརྩེགས་གཉིས་པའི་ཁར་སློབ་གཉེར་ཁང་དང་། གཞུང་ཀ་པོད་ལྔ། གསང་སྔགས་དང་བཅས་པའི་འཆད་ཁྲིད་ཁང་། སྒོ་མང་ཁང་གསར་བཅས་ཡོད། ཐོག་བརྩེགས་གསུམ་པ་དང་བཞི་བར་དགེ་རྒན་རྣམ་པའི་བཞུགས་ཤག་དང་གསོལ་ཐབ་ཁང་སོགས་ཡོད། གཞན་ཡང་སློབ་གླིང་འདིའི་སྒྲིག་ལམ་ཀུན་སྤྱོད་ཁུར་སྟངས་དང་། སློབ་སྦྱོང་བྱེད་སྟངས་སོགས་ཕྱོགས་གང་ཐད་ནས་ཡབ་རྗེ་རྒྱལ་བ་གཉིས་པའི་རིང་ལུགས་རྣམ་ཐར་གཙང་མ་མི་ཉམས་ཡུན་གནས་འོང་བའི་ཐབས་ཚུལ་རྨད་དུ་བྱུང་བ་བསྐྲུན་པར་མཛད་པ་ནི་རྒྱལ་བསྟན་ཡུན་རིང་དུ་གནས་པའི་མཛད་འཕྲིན་རྨད་དུ་བྱུང་བའོ།།



སྨྲས་པ།

རྒྱལ་བསྟན་དྲི་མེད་གསེར་གྱི་ཉིང་ཁུ་འདི། །འཛིན་ལ་ཟླ་བྲལ་སྣང་བའི་ཉིན་མོར་བྱེད། །རྨད་བྱུང་འཆད་རྩོད་རྩོམ་པའི་འོད་སྣང་གིས། །འཇིག་རྟེན་རྒུད་པའི་སྨག་རུམ་ལྷག་མེད་གཞིལ། །ཐུབ་པའི་རང་ལུགས་རྣམ་ཐར་གཙང་མའི་དཔྱིད། །བཤད་སྒྲུབ་གཉིས་ཀྱིས་ཚུལ་བཞིན་འཛིན་པའི་ཞིང་། །ཁམས་བོད་མཐོ་རིམ་ནང་བསྟན་སློབ་གླིང་ཞེས། །སྙན་གྲགས་ལྕགས་ཀྱུས་ལྷ་མིའི་ཡིད་དབང་འཕྲོག །མདོ་ཁམས་ནོར་འཛིན་ས་ཡི་ལྟེ་བ་རུ། །མཁས་མང་གསེར་རིའི་ཕྲེང་བ་ཚར་དུ་དངར། །འཆད་རྩོད་རྩོམ་པའི་འབྲུག་སྟོང་ལྡིར་བའི་སྒྲས། །རྫོགས་ལྡན་དབྱར་གྱི་དཔལ་ཡོན་མགྲོན་དུ་བསུ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།



རྩོམ་སྒྲིག་པ།   སྐུ་འབུམ་སྐྱབས།

པར་ལེན་པ།    ཕོལ་བ།




སྒྲ་ལམ་སློབ་ཚན་ཕབ་ལེན།