སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་རྣམ་ལས་གངས་རྒྱན་སྨོན་ལམ་ཆེན་མོ་གསར་འཛུགས་དང་དུས་འཁོར་དབང་ཆེན་གནང་བ།

དུས་ཚོད།2017-04-12 16:50ཡོང་ཁུངས།རྩོམ་པ་པོ། སེར་བཤེས་དགེ་བཤེས་ཐོས་བསམ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846



གངས་རྒྱན་སྨོན་ལམ་ཆེན་མོ་གསར་འཛུགས་དང་དུས་འཁོར་དབང་ཆེན་གནང་བ།


མདོ་ཁམས་བསྟན་པའི་འབྱུང་གནས་སེར་ཤུལ་དགོན་ཐེག་ཆེན་གླིང་དུ་སྤྱི་ལོ་༡༩༩༥ལོར་ཚེ་རབས་ཀྱི་ཕྲེང་བར་གོམས་པའི་ཐུགས་བསྐྱེད་ཀྱི་དམ་བཅའ་བརྟན་པོས་གངས་ལྗོངས་བསྟན་པའི་སྤྱི་རིམ་དུ་གངས་རྒྱན་སྨོན་ལམ་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་ཆོས་བརྒྱུད་རིས་མེད་ཀྱི་ཆོས་ཐོག་གཞི་རྒྱ་ཆེན་པོ་དེ་ཉིད་གསར་དུ་གཙུགས་ཏེ། རང་ཅག་གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་རླབས་ཆེན་བསོད་ནམས་གསོག་པའི་བགོ་སྐལ་ཕུལ་དུ་བསྐྲུན་པར་མཛད། དེ་ཡང་སྤྱི་ལོ་༡༩༩༥ལོ་ནས་༡༩༩༩ལོའི་བར་གངས་རྒྱན་སྨོན་ལམ་ཆེན་མོ་ལོ་ལྔའི་རིང་རིས་མེད་དགེ་འདུན་སྟོང་ཕྲག་མང་པོར་བསྙེན་བཀུར་ཞབས་ཏོག་གི་མཆོད་པ་ལོག་མཚོས་མ་བསླད་པ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་སྤྲོས་ཤིང་། འདུས་ཚོགས་སེར་སྐྱ་ཁྲི་ཕྲག་མང་པོར་ལོ་ལྟར་ནང་ཆོས་ངོ་སྤྲོད་དང་། མི་རིགས་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་། རིག་གཞུང་ཉམས་གསོ། ཡ་རབས་སྤྱོད་བཟང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྐོར་ལ་ཇི་ལྟར་གལ་ཆེའི་བསླབ་བྱ་ཆོས་དང་འཇིག་རྟེན་གང་ཅིའི་ཐད་རྣ་བའི་བདུད་རྩི་དང་། ཡིད་ཀྱི་དགའ་སྟོན་དུ་བཤམས། ཆོས་རྒྱུད་ཕན་ཚུན་མཐུན་ལམ་དམ་ཟབ་ཡོང་ཐབས་དང་། ཕན་ཚུན་ཉམས་མྱོང་གོ་རྟོགས་ཡག་པོ་སྤེལ་ཐབས་ཀྱི་ཆེད་དུ་ཆོས་ཚོགས་དེར་ཆེད་དུ་གདན་ཞུས་གནང་བའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ཀྱིས་དད་ལྡན་རྒྱ་ཆེའི་སེར་སྐྱ་ཡོངས་ལ་བསླབ་བྱ་དང་སློབ་སྟོན་ཟབ་མོ་བྱེད་རྒྱུའི་གོ་སྐབས་བསྐྲུན་གནང་མཛད་པ་དང་།  ལྷག་དོན་ད་ལྟ་སེམས་ཅན་རྣམས་ཉོན་མོངས་རགས་ལ་བསོད་ནམས་དམན་པ་དང་། སངས་རྒྱས་ཀྱི་བསྟན་པ་སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར་བ་འདི་འདྲའི་སྐབས་སུ། ཞིང་ཁྱད་པར་ཅན་ཞིག་ལ་བརྟེན་ནས་བསོད་ནམས་བསགས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱིས་ཡང་ཡང་གསུངས་པར་བརྟེན། དམ་པ་མཆོག་གིས་འདི་ལྟ་བུའི་སྨོན་ལམ་ཆེན་མོ་གསར་དུ་བཙུགས་ཤིང་། ཕྱོགས་གང་ས་ནས་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་དང་། དད་ལྡན་མི་མང་ཆེས་ཤིན་ཏུ་མང་པོ་ཞིག་སྨོན་ལམ་འདིར་ཕེབས་ནས་རླབས་ཆེན་བསོད་ནམས་རྒྱ་ཆེན་པོ་མཉམ་དུ་བསགས་པ་དང་། མཐར་དགའ་བཞིན་སྤྲོ་བཞིན་མཇུག་ཡོངས་སུ་གྲོལ་ཐུབ་པ་ཞིག་གནང་པར་མཛད་ཀྱིན་ཡོད། དགེ་རྩ་དེ་དག་བསྟན་པ་རྒྱས་པ་དང་། བསྟན་འཛིན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་འགྲོ་བ་བདེ་བའི་ཆེད་དུ་བསྔོ་བར་མཛད་པའི་བཀའ་དྲིན་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་སོ།། དེ་ལྟར་བོད་ཡུལ་འདིར་ཐོག་མར་རིན་པོ་ཆེ་མཆོག་ནས་འདི་འདྲའི་སྨོན་ལམ་ཆེན་མོ་གསར་དུ་བཙུགས་པ་ནས་བཟུང་། རིམ་བཞིན་ཆོས་བརྒྱུད་ཁག་སོ་སོ་ནས་ཀྱང་ཚུལ་འདི་ལ་རྒྱབ་སྐྱོར་མཚོན་བྱེད་དུ་ཕྱོགས་གང་སར་སྨོན་ལམ་གྱི་མཛད་སྒོ་ཟབ་ཅིང་རྒྱ་ཆེན་འཚོགས་ནས་བོད་ཡུལ་འདིར་བསོད་ནམས་རླབས་ཆེན་བསགས་བཞིན་པ་འདི་དང་། དེ་དག་གི་བྱེད་པ་ལ་བརྟེན་ནས་ཕན་ཚུན་གཅིག་གིས་གཅིག་ལ་དགའ་བསུའི་སྣེ་ལེན་བྱེད་ཚུལ་དང་། ཐམས་ཅད་རིས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ལ་ཐུགས་ཁུར་ཇེ་ཆེར་སོང་བ་སོགས་ཕྱོགས་གང་སར་བསྟན་པ་འདི་ལ་ཕན་ཐོག་རྒྱ་ཆེན་པོ་བྱུང་སོང་ཞེས་སྐྱེས་བུ་དམ་པ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་མཐོར་བཞིན་པ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ནོ། །དམ་པ་མཆོག་སྐུ་ན་ཆུང་ངུའི་དུས་ནས་མི་མང་ལ་བཀའ་སློབ་གནང་སྐབས་ད་ལྟ་རང་ཅག་སྡེ་འབངས་ཡོངས་ལ་སྒོ་གང་ཐད་ནས་དཀའ་ངལ་ཚད་མེད་ཡོད་ནའང་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་རྫོགས་ནས་རླབས་ཆེན་བསོད་ནམས་གསོག་པ་དང་། ལྷ་ཀླུ་གཞི་བདག་རྣམས་ལ་གཟི་བྱིན་བསྐྱེད་པ་སོགས་བྱས་ན་མ་འོངས་པར་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ལེགས་འོང་བ་སོགས་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པ་འོང་བར་ངེས་ཞེས་གཟིགས་པ་དག་པའི་ལམ་སྟོན་རྒྱུན་མཐུད་དུ་གནང་བ་སོགས་ནི་ཀུན་གྱིས་མཁྱེན་གསལ་ལྟར་རོ། །



༡༩༩༦ལོར་རིན་པོ་ཆེ་མཆོག་ཀྲུང་གོ་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་ནས་རྒྱ་བོད་ཀྱི་ལོ་རྒྱུས་ཁག་དང་། དེང་རབ་ཀྱི་རིག་གནས་སོགས་ལ་སྦྱང་བརྩོན་ལྷོད་མེད་གནང་། ཕྱོགས་གང་ཅིའི་ཐད་མཐོང་རྒྱ་བསྐྱེད་པ། རང་ཡུལ་གྱི་རྗེས་ལུས་ཀྱི་རྣམ་པ་དེང་རབ་ཅན་དུ་བསྒྱུར་རྒྱུ་དང་། མ་འོངས་པར་དུས་རབས་ཀྱི་འགྱུར་འགྲོའི་དང་མཐུན་པར་དཔུང་བ་མཉམ་གཤིབ་བྱེད་ཐུབ་པ་བྱ་རྒྱུར་ཆོད་སེམས་གཏན་པོ་བསྐྱེད། སློབ་མཐར་ཕྱིན་པ་དང་རང་ཡུལ་དུ་ཕེབས་ནས་ཆོས་དང་འཇིག་རྟེན་གང་ཅིར་བསྟན་པ་སྤྱིའི་རྣམ་བཞག་དང་མི་འགལ་པའི་ཐོག་དུས་བསྟུན་མདུན་བསྐྱོད་ཀྱི་བྱ་བར་ཧུར་བརྩོན་མཛད་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་ཡོད་པ་ནི་ཀུན་གྱིས་མཐོང་བ་མངོན་སུམ་གྱི་ཡུལ་དུ་གྱུར་བ་འདིའོ། །



སྤྱི་ལོ་༡༩༩༧ལོར་ཡུལ་ཕུན་སུམ་ཚོགས་པ་བློ་གསལ་འབུམ་སྡེའི་གདན་ས་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ། ཞུ་བ་པོ་ཕུན་སུམ་ཚོགས་པ་ལོ་དེ་གའི་རྒྱུད་གྲྭའི་རིམ་ལྔ་མཐའ་དཔྱོད་ཀྱི་འཛིན་གྲྭས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཡུལ་རྫ་ཆུ་ཁ་བའི་ལྗོངས་ཀྱི་སེར་སྐྱ་སྡེ་འབངས་ཁྲི་ཕྲག་དུ་མའི་འཁོར་སློབ་རྒྱ་མཚོའི་ཚོགས་ལ། ཆོས་ཕུན་སུམ་ཚོགས་པ་སྔོན་འགྲོ་སྟ་གོན་དང་བཅས་པའི་བྱིས་པ་ལྟར་འཇུག་པའི་དབང་བདུན་དང་། གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་དང་བཅས་པའི་དབང་ཆེན་བརྒྱུད་ལྡན་བླ་མ་དམ་པའི་ཕྱག་བཞེས་བཞིན། དུས་ཕུན་སུམ་ཚོགས་པ་གངས་རྒྱན་སྨོན་ཆེན་མོ་དང་སྟབས་བསྟུན་༧སྐྱབས་རྗེ་ཁྲི་པ་རྡོ་རྗེ་འཆང་མཆོག་ཉིད་དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ་དམ་པའི་ཆོས་ཀྱི་དགའ་སྟོན་བཀྱེས་པས་འགྲོ་ཀུན་ཤམ་བྷ་ལར་རྫོགས་ལྡན་གྱི་བསྟན་པར་མཇལ་བའི་སྐལ་བ་ཅན་དུ་བྱས་སོ། །



སྨྲས་པ། དེ་ལྟར་རྒྱལ་སྲས་དཔའ་བོའི་སྙིང་སྟོབས་ཀྱིས། །གངས་ལྗོངས་མདོ་ཁམས་ས་ཡི་ཐིག་ལེ་རུ། །རླབས་ཆེན་དགེ་ཚོགས་བསོད་ནམས་བསྐྲུན་པའི་སླད། །སྲོལ་བཟང་སྨོན་ལམ་ཆེན་མོ་བསྔགས་པའི་གནས། །དཔལ་ལྡན་དང་པོའི་སངས་རྒྱས་སྐུར་བཞེངས་ཏེ། །སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ལ་སོགས། །ཟབ་རྒྱས་ཆོས་འཁོར་བསྐོར་ཞིང་སྐལ་ལྡན་གྱི། །འགྲོ་རྣམས་རྫོགས་ལྡན་སྐལ་བ་ཅན་དུ་བྱས། །མགོན་པོ་ཁྱོད་ཀྱི་གསང་གསུམ་མཛད་པ་ནི། །རྒྱལ་དང་རྒྱལ་སྲས་རྣམས་ལ་འགྲན་བཟོད་པ། །འདི་ནི་ཞིང་འདིའི་སྐལ་ལྡན་གདུལ་བྱ་ཡི། །རླབས་ཆེན་བསོད་ནམས་སྡུད་པའི་འཕྲུལ་དུ་སེམས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


གཞན་ཡང་རྫ་དཔའ་སྤྲུལ་རིན་པོ་ཆེའི་རྡོ་འབུམ་མཐོང་གྲོལ་ཆེན་མོའི་རྩར། རྗེ་བཙུན་བླ་མ་དམ་པ་འདི་ཉིད་དང་། སྔ་འགྱུར་བསྟན་པའི་མཛེས་རྒྱན་མཆོག་སྤྲུལ་རྒྱལ་མཚན་རབ་ཡངས་རིན་པོ་ཆེ་རྣམ་པ་གཉིས་ནས་ལོ་ལྟར། རིས་མེད་སེར་སྐྱ་ཁྲི་ཕྲག་མང་པོར་ཉིན་བཅུའི་རིང་སློབ་དཔོན་ཐུགས་རྗེ་ཆེན་པོའི་མཚན་སྔགས་བཛྲ་གུ་རུ་དང་སྒྲོལ་མ་འབུམ་ཚོགས་བཅས་གནང་ཞིང་། དེར་འདུས་ཀྱི་བླ་སྤྲུལ་དགེ་འདུན་པ་རྣམས་ལ་བསྙེན་བཀུར་གཟབ་འབུལ་དང་། མི་མང་ལ་དད་རྟེན་དང་བསླབ་བྱ་ཚད་མེད་པ་གནང་བ་སོགས་བསྟན་འགྲོ་ལ་ཕན་པའི་བྱ་བ་ཤ་སྟག་མཛད་པར་མ་ཟད། རྡོ་འབུམ་མཐོང་གྲོལ་ཆེན་མོའི་ཁར་ཁྲི་རིན་པོ་ཆེ་མཆོག་ནས་མཆོད་རྟེན་བརྒྱ་དང་བརྒྱད་ཕྱག་མཆོད་པའི་རྟེན་དུ་གསར་བཞེངས་མཛད། སྤྱི་ལོ་༡༩༩༩ལོར་རིན་པོ་ཆེ་མཆོག་ནས་ཐུགས་ཁུར་ཆེར་བཞེས་ཀྱིས། རྫ་ཆུ་ཁ་བ་འདིར་འགྲིམ་འགྲུལ་དང་མཐུན་རྐྱེན་ཧ་ཆང་ཞན་པ་དང་། དེང་དུས་འཇིག་རྟེན་གྱི་ཁམས་འདིར་ཁོར་ཡུག་ཉམས་ཆག་གི་དབང་གིས་ཚ་གྲང་འབྱུང་བ་འཐབ་པའི་རྐྱེན་གྱིས། ངོས་ཟིན་པར་དཀའ་བའི་ནད་རིགས་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་འདི་དག་ཉེ་བར་ཞི་བའི་ཐབས་སུ་དམིགས་ཏེ། བོད་སྨན་ཁང་རྒྱ་སྐྱེད་དང་། ས་གནས་མི་མང་དབུལ་ཕོངས་ཉམ་ཐག་རྣམས་ལ་སྨན་སྦྱོར་རོགས་སྐྱོར་བྱེད་པ་སོགས་ཁ་ཡོད་ལག་ཡོད་ཀྱི་གཞན་ཕན་རླབས་ཆེའི་མཛད་བཟང་ཆེས་ཤིན་ཏུ་བསྔགས་པར་འོས་པ་ཤ་སྟག་མཛད་དོ། །



རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།


སྒྲ་ལམ་སློབ་ཚན་ཕབ་ལེན།