སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་རྣམ་ལས་སྒྲིག་འཛུགས་གསར་བཟོ་གནང་བ་དང་གནས་གཟིགས་དང་མཆོད་མཇལ།

དུས་ཚོད།2017-04-09 18:47ཡོང་ཁུངས།རྩོམ་པ་པོ། སེར་བྱེས་དགེ་བཤེས་ཐོས་བསམ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846



སློབ་གཉེར་བའི་སྒྲིག་འཛུགས་གསར་བཟོ་གནང་བ། 

སྤྱི་ལོ༡༩༨༥ཡར་མར་ཐོས་བསམ་སློབ་གཉེར་དང་ཆོས་ཉམས་ལེན་བྱེད་སའི་ཁོར་ཡུག་ཧ་ཅང་ཐོབ་དཀའ་བར་གཟིགས་ནས་དགོན་པ་རང་གི་སློབ་གཉེར་པ་བཟང་གྲས་དང་། གཞན་ཕྱོགས་གང་ས་ནས་ཕེབས་པའི་དོན་གཉེར་ཅན་རྣམས་ལ་དམ་པ་མཆོག་ཉིད་ཀྱིས་འགྲོ་སོང་ཆེད་གཏོང་གིས་སློབ་གཉེར་ཁོ་ན་མ་གཏོགས་དགོན་པའི་ཕྱི་ནང་བར་གསུམ་གང་ལ་ཡང་ཐེ་བྱུས་བྱེད་མི་དགོས་པ་མཛད། དེ་ནས་བཟུང་གཡས་གཡོན་གྱི་དགོན་ཁག་མང་པོ་ཞིག་ནས་མཛད་བཟང་དེར་རྗེས་སུ་ཡི་རང་སྟེ་དེ་བཞིན་སློབ་གཉེར་བ་ལ་གཟིགས་མཐོང་ཆེན་པོས་སློབ་གཉེར་གྱི་མཐུན་རྐྱེན་དགོས་མཁོ་ལྟར་སྒྲུབ་པ་དང་། དེ་དག་ལ་ཡང་དམ་པ་མཆོག་གིས་བསྔགས་བརྗོད་དང་འབྲེལ་འཚོ་བའི་མཐུན་རྐྱེན་ཚད་མེད་པ་གནང་པར་མཛད་པ་སོགས་བཀའ་དྲིན་གྱིས་ལེགས་པར་བསྐྱངས།



དེ་ལྟར་སེར་ཤུལ་དགོན་གྱི་ཁྲི་ཐོག་སོ་བདུན་པའི་ཐུགས་འགན་ལོ་ངོ་བདུན་གྱི་རིང་ལེགས་པར་བཞེས་ཏེ། སྤྱི་ལོ་༡༩༩༠ལོར་ཁྲི་རབས་སོ་བརྒྱད་པའི་གདན་ཁྲིར་ལུང་རྟོགས་ཡོན་ཏན་གྱི་བདག་ཉིད་ཆེན་པོ་ཨ་ཤུལ་བླ་མ་༧ཐུབ་བསྟན་བློ་བཟང་བསྟན་པའི་ཉི་མ་མཆོག་ལ་ལེགས་པར་ཕུལ། དེ་ལྟར་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པའི་རྣམ་པར་ཐར་བ་འདི་དག་ནི། རྗེ་རྒྱལ་བ་གཉིས་པའི་བསྟན་པ་སླར་ཡང་འཇིག་རྟེན་གྱི་ཁམས་འདིར་སྤེལ་བའི་ཐུགས་བསྐྱེད་དུས་སུ་སྨིན་པའི་རྣམ་པར་ཐར་པའོ།།



སྨྲས་པ།

བསླབ་གསུམ་ནོར་བུའི་མཛོད་འཛིན་དམ་པ་དེས། །

བསྟན་པའི་གཞི་མ་སོ་སོར་ཐར་བ་ལ། །

སྒྲུབ་པ་སྙིང་པོར་མཛད་པའི་རྣམ་ཐར་ནི། །

སྟོན་པའི་འཁོར་གྱུར་ཉན་ཐོས་དག་དང་མཚུངས། །


མི་འཇིགས་སེང་ཁྲིར་དབང་བསྒྱུར་ཆོས་ཀྱི་རྗེས། །

ཡང་དག་འཆད་རྩོད་རྩོམ་པའི་མཛད་འཕྲིན་གྱིས། །

སྐལ་ལྡན་གདུལ་བྱའི་ཡིད་དབང་ཚིམ་མཛད་ནས། །

སྲས་བཅས་རྒྱལ་བ་མ་ལུས་མཉེས་པར་མཛད། །



ཨེ་མའོ་ཞིང་འདིའི་གདུལ་བྱའི་བསོད་ནམས་ནི། །

ཐུབ་པའི་འཁོར་གྱུར་ཐེག་གསུམ་གདུལ་བྱ་དང་། །

མཚུངས་ཕྱིར་དམ་པ་མཆོག་གི་བཀའ་བཞིན་དུ། །

སྒྲུབ་ལ་འགྲོ་རྣམས་དད་པའི་གཞན་དབང་གྱུར། །

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།



འཕགས་ཡུལ་དུ་གནས་གཟིགས་དང་མཆོད་མཇལ།

དགུང་གྲངས་༢༨བཞེས་པ་སྤྱི་ལོ་༡༩༩༣ལོའི་སྟོན་གྱི་དུས་སུ་བསྟན་འགྲོའི་དོན་ཆེན་བདེ་བླག་ཏུ་འགྲུབ་པའི་ཐབས་སུ་དམིགས་ཏེ་མཛད་དཀའ་རྒྱང་དུ་བསྲིངས་ནས་གནས་མཆོག་འཕགས་པའི་ཡུལ་དུ་ཕེབས་ཏེ་ཐུབ་པའི་གནས་ཆེན་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཁྱད་པར་ཅན་རྡོ་རྗེ་གདན་དང་། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གསུངས་པའི་གནས་ཝཱ་ར་ན་སི་དང་། དཔལ་ནཱ་ལེན་དྲ། བྱ་རྒོད་ཕུང་པོའི་རི་སོགས་ལ་རྟེན་གཟིགས་མཆོད་འབུལ་དང་། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་ཐུགས་སྨོན་རྒྱ་ཆེར་གནང་བ་མ་ཟད། ལོ་དེའི་ཟླ་༡༠ཚེས༢༥ནས་བཟུང་ཉིན་གྲངས་ཉི་ཤུ་མ་ཟིན་ཙམ་གྱི་རིང་། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་དཔལ་གསང་བ་འདུས་པའི་དབང་ཆེན་སྟ་གོན་དང་བཅས་པ། རྫོགས་རིམ་ཁྲིད་ཆེན་བརྒྱད་ཀྱི་བཤད་ཁྲིད། དམ་ཆོས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་སོགས་སྲིད་ན་རྙེད་པར་དཀའ་བའི་ཟབ་ཆོས་མང་དུ་གསན་བཞེས་གནང་ཞིང་། ལོ་དེ་གའི་དཔྱིད་ཆོས་སྐབས་སུ་ཡང་། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆེན། ལམ་རིམ་འཇམ་དཔལ་ཞལ་ལུང་། བླ་མ་མཆོད་པའི་བཀའ་ཁྲིད། འཇམ་དཔལ་མཚན་བརྗོད་ཀྱི་བཤད་ལུང་། བླ་མ་ལྔ་བཅུ་པ་དང་སྡོམ་པ་ཉི་ཤུ་པ་གཉིས་ཀྱི་བཤད་ལུང་། བདེ་གསོལ་སྨོན་ཚིག་སོགས་གསུང་ཐོར་བུ་འགའ་ཞིག་བཅས་ཀྱི་བཤད་ལུང་སོགས་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་སྐལ་མང་དུ་གསན། གཞན་ཡང་མཁས་གྲུབ་བྱེ་བའི་རོལ་མཚོ་གདན་ས་ཆེན་པོ་རྣམ་པ་གསུམ་གྱི་གཙོའི་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་དང་མཇལ་ཕྲད་ཀྱིས་དེ་དག་དང་ཐུགས་ཡིད་གཅིག་འདྲེས་སུ་མཛད། སྤྱི་ལོ་༡༩༩༤ ལོར་གནས་མཆོག་འཕགས་པའི་ཡུལ་དུ་བསྟན་འགྲོའི་དོན་ཆེན་བདེ་བླག་ཏུ་གྲུབ་སྟེ་སླར་ཡང་རང་ཡུལ་དུ་ཞབས་སོར་བདེ་བར་བཀོད་ནས་དགོན་སྡེ་ཡོངས་རྫོགས་ལུས་སེམས་ཆོས་ཀྱི་དགའ་བདེས་ཁྱབ་པར་བྱས་སོ། །


རྩོམ་སྒྲིག་པ། སྐུ་འབུམ་སྐྱབས།

སེར་ཤུལ་བསུང་ཞུན།




སྒྲ་ལམ་སློབ་ཚན་ཕབ་ལེན།