སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་རྣམ་ལས་པཎ་ཆེན་ཐམས་ཅད་མཁྱེན་པ་གདན་ཞུ་གནང་བ།

དུས་ཚོད།2017-04-04 17:55ཡོང་ཁུངས།རྩོམ་པ་པོ།སེར་བཤེས་དགེ་བཤེས་ཐོས་བསམ། རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


 


སྤྱི་ལོ་༡༩༨༦ལོར་རང་ཅག་གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་དགོན་སྐྱབས་བདེ་ལྡན་ཞིང་གི་མགོན་པོ་ཀུན་གཟིགས་༧པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་ཆེན་པོ་༧རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ཁམས་དཀར་མཛེས་ཁུལ་དུ་ཕེབས། དེ་སྐབས་ཁྲི་པ་རིན་པོ་ཆེ་མཆོག་ཁམས་དཀར་མཛེས་ཁུལ་དུ་ཆེད་ཕེབས་ཀྱིས། ༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ལ་མཇལ་ཕྱག་དང་འབྲེལ། སེར་ཤུལ་དགོན་པའི་གནས་སྟངས་སྤྱི་དང་ལྷག་དོན་མདོ་ཁམས་རྫ་ཆུ་ཁར་བསྟན་པ་ལ་ཆགས་འཇིག་ཇི་ལྟར་བྱུང་ཚུལ་སོགས་རྒྱས་ཞུས་དང་། སྔར་དུས་ཀྱི་འཕོ་འགྱུར་མ་བྱུང་པའི་སྔོན་དུ་༧ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་དགུ་བ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་སེར་ཤུལ་དགོན་ལ་ཆིབ་ཞལ་བསྒྱུར་ཏེ་དགོན་པ་འདིར་དགེ་བཤེས་གཏོང་ཆོག་རྒྱུའི་དམིགས་བསལ་མཐོང་ཆེན་བཀའ་འཁྲོལ་གནང་པའི་སྐོར་སོགས་ཞིབ་པར་ཞུས། དེ་ནས་དེ་སྐབས་སེར་ཤུལ་དགོན་གྱི་གྲྭ་བའི་ཞལ་གྲངས་དང་སློབ་གཉེར་ལ་སྦྱང་བརྩོན་བྱེད་ཕྱོགས་ཀྱི་སྐོར་སོགས་ཕན་ཚུན་གསུང་གླེང་ཞིབ་རྒྱས་གནང་། མཐའ་དོན་མདོ་ཁམས་རྫ་ཆུ་ཁའི་སེར་སྐྱ་སྡེ་འབངས་ཡོངས་རྫོགས་མགོན་པོ་གང་གིས་ཐུགས་རྗེའི་ཀློང་ནས་ནམ་ཡང་མི་མདོར་བའི་ངོས་ནས་ལྗོངས་དེར་ཞབས་ཀྱི་པདྨོ་མངོན་པར་བཀོད་དེ།



ཟབ་གསལ་བླང་དོར་གྱི་བཀའ་སློབ་ལམ་སྟོན་སོགས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གིས་ཞལ་བཞེས་ལེགས་པར་ཐོབ་སྟེ་ཁམས་དཀར་མཛེས་ནས་རིམ་གྱིས་འབུམ་རྙིང་དགོན་དང་། སེར་ཤུལ་རྫོང་། འཇུ་དགོན་པ་སོགས་ལ་ཆེད་ཕེབས་ཀྱིས་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་དང་། དད་ལྡན་མང་ཚོགས་རྣམས་ལ་ཆོས་འབྲེལ་དང་བཀའ་སློབ་ཟབ་མོ་གནང་། དེ་ནས་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་ཞབས་ཀྱི་པདྨོ་མངོན་པར་བཀོད་དེ་དད་ལྡན་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ལ་སྔོན་འགྲོའི་གསུང་བཤད་ལམ་གྱི་རིམ་པ་སྤྱི་དང་། བློ་ལྡོག་རྣམ་བཞི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སོགས་ཡོངས་གྲགས་ལྟར་དང་། དགའ་ལྡན་ལྷ་བརྒྱ་མ། དམིགས་བརྩེ་མ་སོགས་ཀྱི་ལྗགས་ལུང་དང་། དེ་ནས་མདུན་ཐང་ནོར་བུའི་ཐང་ཆེན་དུ་ཕེབས་ཏེ་སེར་སྐྱ་མི་དམངས་ཁྲི་ཕྲག་བདུན་ལྷག་ལ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་། སྔོན་དུས་ཀྱི་ཆས་གོས་དང་། རིག་གནས་སྐད་ཡིག་སོགས་གནའ་སྲོལ་བཟང་པོ་གཞིར་བཞག་སྟེ་མི་ཉམས་ཡུན་གནས་བྱེད་དགོས་པར་མ་ཟད་ང་ཚོ་བོད་མི་ཞིག་གི་ངོས་ནས་མི་རིགས་གཞན་གྱི་གོས་གྱོན། མི་རིགས་གཞན་གྱི་སྐད་བེད་སྤྱོད་བྱས་པ་ཡིན་ན་ཤ་དང་པགས་པ་ཇི་ལྟར་བརྗེ་རྒྱུ་ཡིན་ཞེས་གསུངས་པ་དང་། ས་གནས་ལས་བྱེད་པ་ཚོས་མི་མང་ལ་ཁ་ཞེ་གཉིས་མེད་ཀྱིས་ཞབས་འདེགས་ཞུ་དགོས་ཚུལ་སོགས་ཆེས་རིན་ཐང་ཅན་གྱི་བཀའ་སློབ་ཟབ་མོ་གནང་། ཉིན་དེར་རྗོང་དང་ས་གནས་སྲིད་གཞུང་གི་ལས་བྱེད་པ་ཚོས་ཀྱང་བོད་ཆས་གཙང་མ་གྱོན་ཏེ་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་མཆོག་ལ་དད་གུས་ཀྱིས་མཇལ་ཁ་ཞུས།



དམ་པ་མཆོག་ཉིད་ནས་ཀྱང་དེར་འདུས་ཀྱི་དད་ལྡན་དམངས་ཚོགས་ལ། རིགས་གསུམ་མགོན་པོའི་གཟུངས། ཚེ་ལྷ་རྣམ་གསུམ་གྱི་གཟུངས། འོད་དཔག་མེད་ཀྱི་མཚན་སྔགས། ཤམ་བྷ་ལའི་སྨོན་ལམ་དང་། གུ་རུའི་མཚན་སྔགས་བཅས་ཀྱི་ལྗགས་ལུང་དང་། བླང་དོར་ལམ་སྟོན་གྱི་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བར་གནང་། དེ་ནས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་བརྟན་བཞུགས་སྐབས་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་འདི་ཉིད་ཀྱིས་མཎྡལ་ལྗགས་བཤད་མཛད་གནང་པར་མ་ཟད་རང་ཉིད་ཀྱི་སྐུ་ཚེ་རིལ་བོར་ཁ་བ་གངས་ཅན་གྱི་ཆོས་སྲིད་ལུགས་གཉིས་ལ་ཞབས་འདེགས་ཞུ་གང་ཐུབ་བྱེད་རྒྱའི་དམ་བཅའ་ཕུལ། ཀུན་གཟིགས་༧པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་རིན་པོ་མཆོག་ལ་ཁ་བཏགས་ཉིན་མོ་བདེ་ལེགས་དང་རྟེན་སྐལ་བཅས་སྩོལ་གནང་བ་སོགས་དམ་པ་རྣམ་གཉིས་ཐུགས་ཡིད་འོ་ཆུ་གཅིག་འདྲེས་སུ་གྱུར་ཏོ། །



སྐུ་པར་མཁོ་སྤྲོད་པ། སེར་ཤུལ་པཎ་ཆེན་སྤྱི་ལས་ཁང་།

རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།

སེར་ཤུལ་བསུང་ཞུན།


སྒྲ་ལམ་སློབ་ཚན་ཕབ་ལེན།