སྐྱབས་རྗེ་ཁྲི་པ་རིན་པོ་ཆེའི་མཛད་རྣམ་ལས་ཡང་སྲིད་ངོས་འཛིན་དང་རབ་ཏུ་བྱུང་ཚུལ།

དུས་ཚོད།2017-04-03 18:06ཡོང་ཁུངས།རྩོམ་པ་པོ།སེར་བྱེས་དགེ་བཤེས་ཐོས་བསམ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


  སྐུ་བཞིའི་བདག་ཉིད་ཀུན་མཁྱེན་ཉི་མའི་གཉེན། །

དེ་སྲས་ཐུ་བོ་མི་ཕམ་འཇམ་དཔལ་དབྱངས། །

རྒྱན་དྲུག་མཆོག་གཉིས་འཕགས་སེང་ཨ་ཏི་ཤ། །

འཕགས་ཡུལ་པཎ་གྲུབ་མ་ལུས་གཙུག་ན་རྒྱལ། །


 རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། །

རྣལ་འབྱོར་དབང་ཕྱུག་མར་པ་ཆོས་ཀྱི་རྗེ། །

རིག་གནས་ཀུན་ལ་ཐོག་མེད་ས་པཎ་ཞབས། །

 བསྟན་པའི་སྒྲོན་མེ་གསུམ་ལ་གུས་ཕྱག་འཚལ། །


 རིགས་གསུམ་ཀུན་འདུས་བདག་ཉིད་ཙོང་ཁ་པ། །

གང་གི་ཆོས་ཚུལ་འཛིན་ལ་ཟླ་མེད་པ། །

རྒྱལ་ཚབ་ཆོས་རྗེ་མཁས་གྲུབ་དགེ་ལེགས་དཔལ། །

ཡབ་སྲས་བརྒྱུད་པར་བཅས་ལ་གུས་པའི་འདུད། །


གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་མགོན་གཅིག་པུ། །

གངས་རིའི་ལྷ་སྐལ་མཐའ་ཡས་འགྲོ་བའི་མིག །

གངས་ལྗོངས་བསྟན་འགྲོའི་མངའ་བདག་ཉི་ཟླ་ཟུང་། །

གངས་ཀྱི་ར་བ་མཛེས་པའི་རྒྱན་དུ་མཆོད། །


དྲིན་ཆེན་བླ་མ་ཐུབ་བསྟན་དབང་པོ་དང་། །

    རིགས་བརྒྱའི་ཁྱབ་བདག་བློ་བཟང་བསྟན་འཛིན་ཞབས། །

བསྟན་པའི་རྩ་ལག་ངག་དབང་ལེགས་འོང་སོགས། །

བཀའ་དྲིན་ཅན་གྱི་ཡོངས་འཛིན་རྣམས་ལ་འདུད། །


མདོ་ཁམས་ས་ཡི་ཐིག་ལེ་མཛེས་པའི་རྒྱན། །

རིས་མེད་བསྟན་པའི་སྣང་བྱེད་ཟླ་མེད་པ། །

 ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་རྗེ། །

མཚུངས་མེད་རྗེ་བཙུན་བླ་མ་ཕྱག་གི་ཡུལ། །


རྒྱལ་དང་རྒྱལ་སྲས་སྤྱོད་པའི་གསང་གསུམ་གྱི། །

མཛད་པ་རྒྱ་ཆེན་གཏིང་མཐའ་མི་མངོན་ཡང་། །

སྐལ་ལྡན་དད་པ་འཕེལ་བའི་ས་བོན་དུ། །

སྐྱབས་མཆོག་བླ་མའི་མཛད་རྣམས་འདི་ན་སྤེལ། །


དེ་ཡང་ཇི་སྐད་དུ། ཞབས་བརྟན་གསོལ་འདེབས་ལས། ཐུབ་བསྟན་སྙན་གྲགས་མཐའ་ཡས་སྐྱེ་རྒུའི་གཉེན། །ཆོས་ཀྱི་རྒྱལ་མཚན་ལུང་རྟོགས་བསྟན་པའི་རྒྱན། །མཁྱེན་དང་བརྩེ་བའི་བདག་ཉིད་ཆོས་ཀྱི་རྗེ། །མཚུངས་མེད་རྗེ་བཙུན་བླ་མ་ཞེས་གསུངས་པ་ལྟར། མཐའ་ཡས་པའི་སྐྱེ་འགྲོ་དཔག་ཏུ་མེད་པའི་མགོན་སྐྱབས་དང་དཔུང་གཉེན་བླ་ན་མ་མཆིས་པ། དམ་པའི་ཆོས་ཀྱི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས་པ་ལ་མི་འཇིགས་པའི་སྤོབས་པ་གཟེངས་སུ་མཐོ་བ། ཀུན་མཁྱེན་ཤཱཀྱ་སེངྒེའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེའི་དཔུང་གཉེན་དམ་པ། མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཆེན་པོ། ༧སྐྱབས་རྗེ་ཁྲི་པ་ཡིད་བཞིན་ནོར་བུ་༧ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། མེ་ཕོ་རྟ་ཡི་ལོ་སྟེ། སྤྱི་ལོ་༡༩༦༦ལོར་མདོ་ཁམས་ས་ཡི་ཐིག་ལེ་རི་དབང་རྫ་རྒྱལ་འཕན་པོའི་མདུན་ཕྱོགས། གནས་བཟང་པོ་མཆོག་རྒྱན་རི་བཀྲའི་གཡོན་ཟུར། གྲུབ་པའི་གནས་མཆོག་སྐོ་མོ་དབོལ་ལིའི་གཡས་ཟུར། བྱིན་ཆགས་ཉམས་དགའ་དབུ་མའི་མདོ་ཆེན་པྰ་ཐུར་སྡེ་བ་རུ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན། ཡབ་རྒྱལ་བ་ཚེ་དང་འོད་མཐའ་ཡས་པ་མི་ཡི་གར་དུ་རྣམ་པར་རོལ་བ་སྨན་ཤུལ་བླ་མ་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་དང་། ཡུམ་འཕགས་མཆོག་གྲུ་འཛིན་བདག་པོའི་སྐུ་དང་གསུང་གི་ཉམས་སྣང་ཅི་རིགས་པར་ལན་གྲངས་དུ་མར་འཆར་བར་གྲགས་པ། ཆུང་སྒྲོན་ཞེས་བྱ་བ་གཉིས་ཀྱི་སྲས་སུ་གང་སྐུ་མཚན་དཔེའི་མེ་ཏོག་གཞོན་ནུའི་འཛུམ་དཀར་གསར་དུ་བཞད།



དམ་པ་གང་ཉིད་སྐུའི་ན་ཚོད་ཤིན་ཏུ་ཕྲ་བའི་དུ་སུའང་སྐུ་ཡི་དབྱིབས། གསུང་གི་གདངས། ཐུགས་ཀྱི་སྟོབས། གྲུབ་པའི་ཉམས་རྟོགས། ཐ་ན་བྱོན་བཞུགས་སོགས་ཀུན་སྤྱོད་ཕྲ་ཞིང་ཕྲ་བ་ནས་སྐུ་སྐྱེ་གོང་མའི་ཡོན་ཏན་རང་ཆས་སུ་མངའ་བ་ཞིག་གོ་ཞེས་སེར་ཤུལ་དགོན་གྱི་ཁྲི་ཐོག་ཞེ་ཉིས་པ་མཁས་བཙུན་གྲུབ་པའི་དབང་ཕྱུག་རྗེ་བཙུན་ངག་དབང་ལེགས་འོང་སོགས་དགེ་བའི་བཤེས་གཉེན་རྣམ་པ་དང་། རྒན་པ་རྣམས་གསུང་དབྱངས་གཅིག་གྱུར་གྱི་ངང་ནས་གླེང་པའི་ཚུལ་ནི་ཀུན་ལ་ཡོངས་སུ་གྲགས་པ་ལྟར་ལགས་སོ། །


ཡང་སྲིད་དུ་ངོས་འཛིན་དང་རབ་ཏུ་བྱུང་ཚུལ།


དགུང་ལོ་༡༤ལ་སོན་པ་དོན་གྲུབ་ཅེས་པ་ས་ལུག་སྤྱི་ལོ༡༩༧༨ལོར་སེར་ཤུལ་དགོན་གྱི་ཁྲི་ཐོག་ཉེར་དགུ་པ་བླ་མ་གསེར་གླིང་བའི་སྐུའི་སྐྱེ་བར་གྲགས་པ་གང་ཁྲི་རྡོ་རྗེ་འཆང་བློ་བཟང་ཚུལ་ཁྲིམས་ཐུབ་བསྟན་རབ་རྒྱས་དཔལ་བཟང་པོ་མཆོག་གི་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་ལྟར་གཟིགས་པ་བཞིན་དཔོན་ཚང་མཆོག་སྤྲུལ་སྐུ་གོང་མ་ཁྲི་ཆེན་འཇིགས་མེད་རྡོ་རྗེ་དཔལ་བཟང་པོ་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ཐུགས་ཐག་བཅད་པར་མ་ཟད། དམ་པ་འདིས་བསྟན་འགྲོའི་དོན་ལ་བླ་ན་མེད་པའི་མཛད་རྒྱས་རྒྱ་ཆེན་པོ་འོང་བར་ངེས་ཞེས་ལུང་བསྟན་མཛད། དེ་ནས་མདོ་སྔགས་རབ་འབྱམས་སྨྲ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་༧བློ་བཟང་བསྟན་འཛིན་མཆོག་སྤྱི་བོའི་རྒྱན་ཏུ་བསྟེན་ཏེ་གཤར་གཟབ་ཡི་གེའི་འབྲི་ཀློག་དང་། བསྟོད་ཚོགས་སྨོན་ལམ། ཆོ་ག་ཕྱག་ལེན་ཐམས་ཅད་ཚེགས་ཆེན་པོ་ལ་ལྟོས་པ་མེད་པར་མཁྱེན་པར་མཛད་པ་ནི་སྔོན་གོམས་བག་ཆགས་ཟབ་མོའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་སད་པའི་རྟགས་མཚན་ཡང་དག་པ་ལས་གཞན་དུ་དམིགས་སུ་མེད་དོ། །དགུང་གྲངས་༡༦བཞེས་པ་རབ་རྒྱལ་ལྕགས་བྱ་སྤྱི་ལོ་༡༩༨༡ལོའི་ཟླ་ཚེས་མཆོག་ཏུ་དགེ་བར་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ཐོག་མར་ཆོས་སྒོ་ཕྱེ་བ་སྟབས་བསྟུན་ཆོས་ཞུགས་མཛད་དེ། སྒྲིག་གྲྭ་ཁྲིམས། འདོན་རྟ་དབྱངས། ཐོས་བསམ་སློབ་གཉེར། ཐུགས་འཛིན་རྒྱུགས་འབུལ། དབང་ལུང་མན་ངག་གསན་བཞེས་མཛད་རྒྱུ་སོགས་སྒོ་གང་ཐད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་དུ་འགྲོ་བའི་ཆ་རྐྱེན་འབའ་ཞིག་བསྐྲུན་པར་གནང་བ་སོགས་བསྟན་པའི་མིག་རྒྱན་བཟང་པོར་འགྲོ་བ་ཤ་སྟག་མཛད་དོ། ། 

བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་དང་ཁྲིར་བཞུགས་ཐུགས་འགན་བཞེས་ཚུལ།


སྤྱི་ལོ་༡༩༨༡ རབ་རྒྱལ་ལྕགས་བྱ་ལོར་ཧོར་ཟླ༩ ཚེས་༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་མདོ་ཁམས་བསྟན་པའི་མཛེས་རྒྱན་གཞུང་བརྒྱ་སྨྲ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཀུན་སྤང་སེམས་དཔའ་ཆེན་པོ་མཁན་ཆེན་༧ཐུབ་བསྟན་དབང་པོ་སོགས་མཁན་སློབ་དགེ་འདུན་གྲངས་ཚང་བའི་མདུན་སར། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་། དགུང་གྲངས་༢༠རབ་རྒྱལ་ཤིང་གླང་ཧོར་ཟླ་༦ཚེས་༤ ཆོས་འཁོར་དུས་ཆེན་ཉིན་ཚིགས་སྔ་མའི་མཁན་པོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་༧རྗེ་བཙུན་ཐུབ་བསྟན་དབང་པོ་སོགས་མཁན་སློབ་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེས་ཐུགས་ཀྱི་བུམ་བཟང་ཡོངས་སུ་འགེང་པར་མཛད་པ་ནི།



ཇོ་བོ་རྗེའི་བསྟོད་པ་ལས། དྲན་དང་ཤེས་བཞིན་ལྡན་པ་ཡིས། །ཚུལ་ཁྲིམས་མ་ཡིན་ཡིད་མི་མཛད། །བག་ཡོད་དྲན་དང་གཡོ་སྒྱུ་མེད། །ལྟུང་བའི་ཉེས་པའི་ཁྱོད་མ་གོས། །ཞེས་གསུངས་པ་ལྟར་རང་རྒྱུད་ཀྱི་བསླབ་པ་རིན་པོ་ཆེ་མིག་གི་འབྲས་བུ་ལྟར་སྲུང་བར་མཛད་དེ་གནས་བརྟན་འདུལ་བ་འཛིན་པ་ཀུན་གྱི་གཙུག་གི་རྒྱན་དུ་གྱུར། གང་གི་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་འཛིན་གྲྭ་སོ་སོ་ལ་སློབ་ཁྲིད་གནང་སྐབས་ཡང་ཡང་བཀའ་གནང་དོན། སེར་ཤུལ་དགོན་གྱི་ཁྲི་ཐོག་དང་པོ་༧རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་ནས་མ་འོངས་པར་ཁྲི་ཐོག་སོ་བདུན་པ་དེ་གཞན་དང་མཚུངས་པ་མེད་པའི་སྐྱེས་བུ་དམ་པ་ཞིག་འབྱོན་ཞེས་ལུང་བསྟན་གནང་ཡོད།



ད་ལྟ་ཁྲི་ཐོག་སོ་བདུན་པ་འདི་ཉིད་ཐུགས་རྒྱུད་བཟང་ཞིང་བྱམས་སེམས་ཆེ་བ་དང་། ལྷག་དོན་ཚུལ་ཁྲིམས་གཙང་བ་ཐུབ་པའི་གནས་བསྟན་ལྟ་བའི་རྣམ་ཐར་བསྐྱངས་སྟངས་འདི་ལ་བལྟས་ན་ཁྲི་ཐོག་དང་པོ་དེ་ཉིད་ཀྱིས་མ་འོང་པ་མངོན་པར་གཟིགས་ཤིང་ལུང་བསྟན་ལ་འཁྲུལ་བ་མེད་པ་གསལ་པོ་རེད། ད་དུང་མུ་མཐུད་ནས་མཛད་པ་འཕྲིན་ལས་རྒྱ་ཆེན་པོ་འོང་མི་འོང་ལ་ཐེ་ཚོམ་མེད། རྣམ་པ་ཚོ་ཚང་མས་ཐུགས་སྨོན་རྒྱ་ཆེན་པོ་གནང་དགོས་ཞེས་སོགས་བཀའ་སློབ་ཡང་ཡང་གནང་བ་ནི་དགེ་ཕྲུག་རྒན་གྲས་ཚང་མས་མཁྱེན་གསལ་ལྟར་ཡིན། གཞན་ཡང་དགེ་རྒན་རྡོ་རྗེ་འཆང་ནས། དམ་པ་འདི་རྒྱལ་སྲས་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ཡིན་པ་སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞལ་ནས་ཞལ་རྒྱུན་རེད། རྒྱལ་སྲས་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་མཐུ་བསམ་གྱིས་མི་ཁྱབ། རྒྱུ་མཚན་དེས་ན་དཔོན་ཚང་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་གྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱས་པའི་མཛད་འཕྲིན་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་དང་། ཁྱད་པར་དུ་ཆོས་སྡེ་འདི་ཐུགས་བརྩེ་བ་ཆེན་པོས་ཇི་ལྟར་བསྐྱངས་པའི་བཀའ་དྲིན་ནི་དེ་བས་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། ཞེས་སོགས་ཡང་ཡང་བཀའ་གནང་བར་མ་ཟད། ཡོངས་འཛིན་རིན་པོ་ཆེ་མཆོག་གིས་བརྩམས་པའི་ཞབས་བརྟན་གསོལ་འདེབས་ལས། རྒྱལ་སྲས་ཀུན་བཟང་ངོ་བོ་འདྲེན་མཆོག་ཁྱོད། །བསྟན་འཛིན་ཀུན་གྱི་གཙུག་གི་རྒྱན་བཞུགས་ནས། །བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ་སླད་དུ། །ཟབ་རྒྱས་ཆོས་འཁོར་བསྐོར་ཞིང་བཞུགས་སུ་གསོལ། །ཞེས་དོན་དང་མཐུན་པའི་གསོལ་འདེབས་ཀྱང་གནང་ངོ་།། དེ་བཞིན་རང་དགོན་གྱི་དགེ་བཤེས་ཀུན་རྡོ་ལགས་ཀྱིས་གསུང་དོན། རིག་གནས་གསར་རྗེའི་སྐབས་དཔོན་ཚང་སྤྲུལ་སྐུ་སྐུ་གོང་མ་ལ་འཐབ་རྩོད་བྱེད་བཞིན་པའི་སྐབས་སུ། ཁོང་གིས་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ། ཁྱེད་རྒྱ་ཆེའི་མི་མང་ལ་འབུལ་རྒྱུ་ཡིན། གང་བྱེད་ན་བྱེད་པར་གྱིས་གསུངས་ནས་སེམས་བསྐྱེད་མཛད་དེ་སྐུ་མྱ་ངན་ལས་འདས་པ་རེད། དེའི་རྗེས་སུ་སླར་ཡང་བདག་སོགས་བསྟན་འགྲོའི་མགོན་དུ་ཕེབས་པ་འདི་རྒྱལ་སྲས་ཀྱི་སྤྱོད་པ་ཆེས་ཤིན་ཏུ་ངོ་མཚར་ཆེ་བའི་གནས་ཤིག་ཡིན། དམ་པ་འདི་ཐུགས་སྟོབས་ཆེ་ཞིང་ཐུགས་རྒྱུད་བཟང་པ་དང་། བཞེད་དོན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འོང་བ་དེ་སྔར་གྱི་སེམས་བསྐྱེད་ཀྱིས་མཐུ་ལས་བྱུང་བར་ངེས་ཞེས་སོགས་གསུངས། དེ་ལྟ་བུའི་རྣམ་པར་ཐར་བ་ནི་སྟོན་པ་ཐུགས་རྗེ་ཅན་གྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ། དུས་ལ་ལར་སྐུ་དང་སྲོག  །གཞན་དུ་གཉེན་ལོངས་སྤྱོད་སོགས་རྒྱལ་སྲས་གྱི་སྤྱོད་པའི་ཕྱིར་དུ་བཏང་བར་གསུངས་པ་དང་སྒོ་ཀུན་ནས་མཚུངས་སོ།།



དགུང་གྲངས༡༧བཞེས་པ་སྤྱི་ལོ་༡༩༨༤ལོར་འཛིན་གྲྭ་གཞུང་གསར་ལ་ཕེབས་སྐབས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་འབྲིང་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་གྲུབ་དོན་ས་གསུམ་སོགས་ཐུགས་འཛིན་སྐྱོར་སྦྱང་ཡང་དག་པར་གནང་བ་མ་ཟད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ཆེན་པོ་མངོན་རྟོགས་རྒྱན་རྩ་འགྲེལ་རྣམ་པ་གཉིས་སྤྱི་དོན་རོལ་མཚོ་སོགས་ལ་ཐོས་བསམ་སློབ་གཉེར་གྱི་དབུ་བཙུགས་ཤིང་། ལོ་དེར་ཆོས་འཁོར་གྱི་ཚོགས་ལངས་གནང་ནས་ཁམས་ཚན་དང་འཛིན་གྲྭ་སོ་སོར་གྲྭ་སྐོར་དམ་བཅའ་འཇོག་གནང་མཛད་པ་དང་། དེའི་སྐབས་སུ་ཁྱད་ཆོས་ལྡན་པའི་ལྗགས་ལེན་གནང་བར་མཛད་པ་ལ་དགེ་བའི་བཤེས་གཉེན་རྣམ་པ་དང་རྒན་པ་རྣམས་ཐུགས་ཡིད་ཚིམ་ནས་བསྟོད་བསྔགས་རྒྱ་ཆེར་གནང་བར་མཛད་པ་སོགས་ནི་དེའི་སྐབས་ཀྱི་གྲྭ་རྒན་གཞོན་ཚང་མས་མཁྱེན་གསལ་ལྟར་རོ། །དགུང་གྲངས༡༨བཞེས་པ་སྤྱི་ལོ་༡༩༨༣ལོར་ཕར་ཕྱིན་གྱི་གཞུང་ལ་རིམ་གྱིས་བསླབ་ནས་ལོ་དེར་རིགས་ཀྱི་ཚོགས་ལངས་མཛད། དགུང་གྲངས་༡༩བཞེས་པ་ཤིང་བྱ་སྤྱི་ལོ་༡༩༨༤ལོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་རྗེ་ཕུར་ལྕོག་ངག་དབང་བྱམས་པའི་དངོས་སློབ་བཀའ་བཅུ་བ་བློ་བཟང་ཆོས་དར་གྱིས་ཕྱག་བཏབ་པའི་གདན་ས་ཆེན་པོ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་བླ་སྤྲུལ་དགེ་བཤེས་རྣམས་ཀྱི་གཙོས་དགེ་འདུན་དམངས་དང་ཡུལ་མི་རྒན་པ་ཚོའི་རེ་བསྐུལ་དང་དུ་བླངས་ཏེ། མདོ་ཁམས་བསྟན་པའི་མཛེས་རྒྱན་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་གདན་རབས་དང་པོ་སྨན་ཤུལ་ཨེར་ཏི་ནི་མེར་ཀེན་ཆེ་བ་ལིག་ཐུ་ཞེས་གྲགས་པ་༧རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་དཔལ་བཟང་པོའི་མི་འཇིགས་སེང་གེའི་གདན་ཁྲི་མངོན་པར་མཐོ་བར་ཞབས་ཀྱི་པདྨོ་མངོན་པར་བཀོད་དེ། ཁྲི་ཐོག་སོ་བདུན་པའི་(སེར་ཤུལ་དགོན་པའི་ཡང་དར་བསྟན་པའི་སྐབས་ཀྱི་ཁྲི་རབས་དང་པོ་ཡིན)



ཐུགས་འགན་ལེགས་པར་བཞེས་ནས་སྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་རྣམས་དམ་ཆོས་འདུལ་བའི་དགོངས་དོན་དང་མཐུན་པར་དམ་པ་གོང་མ་ཚོའི་ཕྱག་བཞེས་ཉམས་མེད་རྒྱུན་འཛིན་དང་། དུས་བསྟུན་ལེགས་བཅོས་མཛད་པ་སོགས་ཀྱི་སྒོ་ནས་རྨད་བྱུང་མཁས་པའི་བྱ་བ་རྣམ་གསུམ་དབྱར་གྱི་མཚོ་ཆེན་ལྟར་གོང་ནས་གོང་དུ་འཕེལ་བར་མཛད། གཞན་ཡང་ཁྲི་པ་ལས་ཐོག་པའི་ཐུགས་འགན་བཞེས་བཞིན་པར་ཐུགས་ཁོམ་གང་ཡོད་ལ་ཡོངས་འཛིན་རྡོ་རྗེ་འཆང་༧རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་ལྷན་དུ། གསང་བདེ་འཇིགས་གསུམ་དང་རྟ་མགྲིན་ཡང་གསང་སོགས་ཡི་དམ་རྒྱུད་སྡེ་ཁག་གི་སྐུ་མཚམས་ལ་བཞུགས། ཐུན་མཚམས་སོགས་སུ་བྱང་ཆུབ་ལམ་རིམ་ཆེན་མོ་དང་། རྒྱུད་སྡེ་ཁག་གི་བསྐྱེད་རྫོགས་སོགས་ལ་སྦྱང་བརྩོན་ཕུལ་དུ་བྱུང་བ་གནང་། སྐུ་མཚམས་གྲོལ་ནས་ཚོགས་དབུས་སུ་གསུང་ཆོས་གནང་སྐབས་འཆད་པ་ལེགས་བཤད་ཀྱི་གྲུ་ཆར་འདོད་དགུར་འཇོ་བ། སྔོན་བྱོན་ཚད་མའི་སྐྱེས་བུ་རྣམས་ཀྱི་བླ་ན་མེད་པའི་རྣམ་ཐར་དག་དྲན་གསོ་བར་མཛད་པ་སོགས་ནི་ཐམས་ཅད་ཀྱིས་མཐོང་བ་མངོན་སུམ་དུ་གྲུབ་པའི་རབ་བཏགས་དང་འུད་སྒྲོག་སོགས་ཅི་ཡང་མེད། གཞན་ཡང་དམ་པ་མཆོག་སྐུའི་ན་ཚོད་ཤིན་ཏུ་ཕྲ་བའི་དུས་སུ་ཡང་མཆོག་དམན་རྒན་གཞོན་བར་མ་སུ་ཞིག་གིས། གཏམ་འདྲ་མིན་སྣ་ཚོགས་གང་འདྲ་ཞིག་ཞུས་ཀྱང་དེ་དང་དེ་ལ་གང་དང་གང་འདོད་ཀྱི་ལན་སྨྲ་ཞིང་ཅི་དང་ཅི་འདོད་ཀྱི་དངོས་པོ་དག་གི་ཚིམ་པར་མཛད་པ་དང་། ལྷག་དོན་སློབ་གཉེར་པ་རྣམས་ལ་ཆེས་ཤིན་ཏུ་གདེང་འཇོག་དང་མཐོང་ཆེན་མཛད་པ་སོགས་ནི་དམ་པ་མཆོག་ཉིད་སྐུའི་སྐྱེ་ཕྲེང་མང་པོའི་བར་དུ། ཡ་རབས་སྤྱོད་བཟང་དང་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་ལ་གཅིག་ཏུ་གཞོལ་ཞིང་གོམས་པར་མཛད་པའི་མངོན་རྟགས་དང་། རྒྱལ་བའི་གསུང་རབ་ཀྱི་གནད་ཡང་དག་པ་མཁྱེན་པའི་སྐྱེས་བུ་དམ་པའི་ཁྱད་ཆོས་བླ་ན་མེད་པ་ཞིག་གོ།



རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།



སྒྲ་ལམ་སློབ་ཚན་ཕབ་ལེན།