བསྟན་བདག་སྨན་ཤུལ་རིན་པོ་ཆེའི་མཛད་འཕྲིན།

དུས་ཚོད།2017-03-30 21:36ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


སྟོང་གཟུགས་ཕྱག་རྒྱའི་ངང་ལས་མ་གཡོས་ཀྱང་། །

  སྣ་ཚོགས་གཟུགས་སྐུའི་བཀོད་པ་འབྱམས་ཀླས་པར། །

སྒྱུ་མའི་འགྲོ་ལ་སྒྱུ་འདྲའི་ཚུལ་སྟོན་པའི། །

རྒྱལ་བ་འོད་མཐའ་ཡས་པ་རྒྱལ་གྱུར་ཅིག །


བློ་གྲོས་གཟིགས་པ་དག་པའི་མཁའ་དབྱིངས་སུ། །

བཟང་བོའི་འཕྲིན་ལས་འོད་སྟོང་འཛུམ་པ་ལས། །

འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་བླ་མ་ཡི། །

བསྟན་པའི་པད་ཚལ་རྒྱས་མཛད་གང་དེས་སྐྱོངས།།



ཞེས་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ནས་རྒྱལ་བ་ཚེ་དང་ཡེ་ཤེས་འོད་མཐའ་ཡས་པ་མི་ཡི་གར་གྱིས་རྣམ་པར་རོལ་བ་༧རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་དཔལ་བཟང་བོ་མཆོག་གི་སྐུའི་སྐྱེས་རབས་ཀྱི་ཕྲེང་བ་རགས་རིམ་ཞིག་བརྗོད་ན། ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་བཀའ་ལུང་གིས་གསལ་བར་མཛད་པ་བཞིན། ཐོག་མར་ལྷ་མིའི་རྣམ་འདྲེན་ཟས་གཙང་སྲས་པོའི་སྤྱན་སྔར་འཕགས་མཆོག་བློ་གྲོས་རྒྱ་མཚོ། དེ་ནས་དཔལ་ལྡན་ཕྱོགས་ཀྱི་གླང་བོ། གྲུབ་པའི་དབང་ཕྱུག་ལྭ་བའི་ན་བཟའ་ཅན། བླ་ཆེན་དགོངས་པ་རབ་གསལ། རྣལ་འབྱོར་བ་བྱང་ཆུབ་རིན་ཆེན། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན། ཨ་རིག་ར་རྒྱ་དགོན་གྱི་ཁྲི་ཐོག་དང་བོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཡེ་ཤེས་ཀུན་བཟང་། པཎ་ཆེན་བསྟན་པའི་ཉི་མའི་བཀའ་ལུང་གིས་ཟིན་པ་སྨན་ཤུལ་ཨེར་ཏི་ནི་མེར་ཀེན་ཆེ་བ་ལིག་ཐུ་ཞེས་བསྔགས་པ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན། རྗེ་བཙུན་ངག་དབང་ཆོས་ཀྱི་ཉི་མ་འཇམ་དཔལ་ཡེ་ཤེས་བསྟན་འཛིན། རྗེ་བཙུན་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་རྣམས་སོ། །


འདིར་སྐབས་སུ་བབ་པ་སྨན་ཤུལ་བློ་བཟང་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་གི་གསང་བ་གསུམ་གྱི་རྣམ་པར་ཐར་བ་མདོ་ཙམ་གླེང་བར་བྱ་བ་ལ། གནས་གང་དུ་བསྟན་པ་དང་འགྲོ་བའི་དཔལ་དུ་སྐུའི་སྐྱེ་བ་ཇི་ལྟར་བཞེས་པའི་ཚུལ་དང་། བཞེས་ནས་བསྟན་པ་དང་འགྲོ་བའི་དོན་དུ་ཕྱག་བཞེས་ཇི་ལྟར་བསྐྱངས་ཚུལ། ཐ་མར་དགོངས་པ་ཞི་ཆེན་དབྱིངས་སུ་ཐིམ་ཚུལ་བསྟན་པའི་སྐོར་དང་གསུམ་ལས།

 དང་པོ། སྤྱི་ལོ་༡༩༤༧ ལོར་ཁམས་རྫ་ཆུ་ཁའི་ས་ཡི་ཆ་གནས་མཆོག་རྫ་རྒྱལ་འཕན་པོའི་གཡས་ཕྱོགས་ས་ལ་དགེ་བཅུ་ཚང་ཞིང་། ནོར་ལ་ཕྱྭ་གཡང་འཁོར་བ། མི་ལ་གཤིས་བཟང་དར་བའི་སེར་ཤུལ་འབྲོག་སྡེ་ཕྱུག་མོའི་དུད་ཁྱིམ་དཀྱུས་མ་ཞིག་ཏུ་ཡབ་དམ་པ་དང་། ཡུམ་དཀོན་ནེ་ཞེས་པ་གཉིས་ཀྱི་སྲས་སུ་དམ་པའི་སྐྱེས་བུའི་མཚན་རྟགས་དང་ལྡན་ཞིང་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་སྐུ་བལྟམས། དེ་ནས་ཧོར་དགོན་སྡེ་བཅུ་གསུམ་གྱི་ཡ་གྱལ་རྫ་དགོན་གསར་དགོན་པའི་བསྟན་བདག་རྫ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་སྒྲིབ་མེད་ཡེ་ཤེས་ཀྱི་ཀློང་ནས་ཇི་བཞིན་གཟིགས་པ་ལྟར། སྐུ་སྐྱེ་གོང་མ་འཇམ་དཔལ་ཡེ་ཤེས་བསྟན་འཛིན་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་བླ་མ་དམ་པ་འདི་ཉིད་ཚད་མར་གྱུར་བའི་བཀའ་དང་རྣམ་པར་དག་པའི་ལུང་གིས་དངོས་སུ་ཟིན་ཏོ།།

 གཉིས་པ།  དམ་པ་མཆོག་དགུང་གྲངས་བདུན་ལ་སོན་སྐབས་དགོན་འདིའི་ཁྲི་ཐོག་སོ་ལྔ་བ་འབུམ་རྙིང་ཁྲི་རིན་པོ་ཆེ་རྗེ་བཙུན་བློ་བཟང་ལེགས་འོང་མཆོག་གི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས་ནས་རྣམ་དག་བསླབ་ཁྲིམས་འཆི་མེད་ཀྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་འགེངས་པར་མཛད་པ་དང་ཆབས་ཅིག ཉིན་དེར་སྐུ་གོང་མའི་ཐུགས་དམ་རྟེན་གྱི་གཙོ་བོ་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཞལ་ཐང་བྱིན་ཅན་ཞིག་ཡོད་པ་དེ་ལས་བདུད་རྩིའི་ཟེགས་མ་ཆུ་ལུད་པ་བཞིན་བབས་པ། དེ་སྐབས་དངོས་སུ་མཇལ་མཁན་ཡོད་ཅེས་བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཁྲི་ཆེན་ངག་དབང་ལེགས་འོང་པའི་ཞལ་ནས་ལན་གྲངས་དུ་མར་གསུངས་སོ།། དེ་ནས་ཀློག་སློབ་པའི་སློབ་དཔོན་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་སྦྱིན་པ་ལགས་ཀྱི་དྲུང་ནས་ཆོ་ག་ཆོས་སྤྱོད་སོགས་ཞལ་འདོན་གྱི་རིམ་པ་ཐུགས་འཛིན་གནང་རྒྱུ་དང་། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་སློབ་གཉེར་ལ་གསན་སྦྱོང་ལྷོད་མེད་གནང་བ་སོགས་བསྟན་པའི་མིག་རྒྱན་དུ་འགྲོ་བའི་རྣམ་པར་དཀར་བའི་མཛད་པ་བཟང་བོ་ལ་དེ་སྐབས་ཀྱི་སེར་སྐྱ་ཡོངས་ཀྱིས་དད་ཅིང་གུས་པས་ཕྱག་བྱ་བ་དང་བསྟོད་ཅིང་བསྔགས་པའི་མེ་ཏོག་འཐོར་སའི་ཞིང་མཆོག་དམ་པ་ཞིག་ཏུ་གྱུར་ཏོ།། 


དེ་ནས་དུས་རབས་ཉི་ཤུ་བའི་དུས་ཀྱི་ཡོ་ལངས་ཏེ་རིག་གསར་གྱི་སྐབས་སྤྱིའི་ཆ་ནས་བོད་གངས་ཅན་གྱི་ལྗོངས་ཀྱི་དགོན་པ་དང་། བླ་གྲྭ། ཆོས་དང་རིག་གཞུང་བཅས་ལ་ཉམས་ཆག་ཚད་མེད་བྱུང་པར་མ་ཟད་མི་མང་ཕལ་མོ་ཆེ་དག  གྲི་ཤི་དང་མུག་ཤི །འཐབ་རྩོད་དང་དཀའ་སྡུག་སོགས་སྡུག་བསྔལ་གྱི་མེ་འབར་བའི་འོབས་སུ་ལྷུང་བ་ནི་དམྱལ་བའི་སེམས་ཅན་གྱི་དཔེར་མཚོན་ནུས་པ་ཞིག་བྱུང་ཡོད་པ་རེད། དེ་མཚུངས་སུ་བསྟན་དགོན་འདི་ཡང་སྔར་ལྟར་ཉམས་ཆག་གི་གནས་སུ་ལྷུང་བར་མ་ཟད་དམ་པ་མཆོག་ལའང་བཙོན་བཀག་དང་འཐབ་རྩོད་སོགས་ཡ་ང་བ་དུ་མས་གཙེས་པ་ན་སྡུག་བསྔལ་དང་ལེན་དང་། དཀའ་ངལ་བཟོད་བསྲན་སོགས་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་མཐའ་ཡས་པ་སྤྱད་པར་མ་ཟད་སྡེ་དགོན་གྱི་སེར་སྐྱ་ཡོངས་ལ་དེ་དང་དེ་བཞིན་དུ་བསླབ་བྱ་དང་སེམས་གསོ་གནང་བ་སོགས་གང་ལ་གང་འདུལ་གྱི་མཛད་པ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་ཚོགས་མཐའ་ཡས་པ་དངོས་སམ་བརྒྱུད་པའི་སྡུག་བསྔལ་འཁོར་བའི་མཚོ་ཆེན་པོ་ལས་སྒྲོལ་བའི་དེད་དཔོན་དང་། བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་སྟོན་པའི་ཐར་བའི་ས་མཁན་བླ་ན་མེད་པ་མཛད་དོ།།



དེ་ནས་༡༩༨༡ ལོར་ཅུང་དུས་བདེ་ཞོད་འཇགས་ཀྱི་རྣམ་པ་ཤར་ནས་དགོན་པ་འདི་ཆོས་སྒོ་ཕྱེ་སྐབས་སུ་ཡང་། ཁོང་རང་ཉིད་ཀྱིས་དབུ་འདྲེན་བརྩེ་གཟིགས་མཛད་ནས་དགོན་པའི་ལས་སྣེ་དང་སྤྱི་གཉེར་སོགས་བསྐོ་བཞག་གནང་ཐོག་སྔར་གྱི་སྒྲིག་ལམ་མཐའ་དག་མ་ཉམས་པ་དང་། ཚོགས་སྒོ་གང་ཡོད་ཆ་ཚང་བར་མཛད་པར་མ་ཟད་དྲངས་འདྲེན་སོགས་ཀྱི་མཐུན་རྐྱེན་ཕལ་མོ་ཆེའི་སྦྱིན་བདག་ཀྱང་དམ་པ་མཆོག་གིས་མཛད་གནང་བ་དང་། དེར་མ་ཟད་དམ་པ་མཆོག་ཇི་སྲིད་སྐུ་འཚོ་བཞུགས་ཀྱི་བར་དུ་ཡང་ལས་སྣེ་ཆེ་ཕྲ་མཐའ་དག་ཁོང་རང་ཉིད་ཀྱིས་བསྐོ་བཞག་མཛད་པ་རེད། ད་དུང་སྡིག་སྡུག་གི་རླུང་དམར་དྲག་ཏུ་འཚུབ་པའི་དུས་ངན་གྱི་ཁྲོད། ཚེ་ལས་འདས་པའི་ཤི་བོ་རྣམས་ཀྱི་དགེ་རྩ་དང་། གསོན་པོ་རྣམས་ཀྱི་སྡིག་སྦྱོང་ལ་ཆེད་དམིགས་ཀྱིས་ཡིག་བརྒྱ་དང་མ་ཎིའི་དུང་འཁོར་གསར་བཞེངས་མཛད་དེ་རབ་གནས་ཀྱི་མཛད་སྒོ་དང་འབྲེལ་གཏོང་སྒོ་རྒྱ་ཆེན་དང་། དགོན་པའི་སྤྱི་འཇོག་ལ་ཡང་འབྲི་བརྒྱ་དང་། ཁང་ཚན་སོ་སོར་རྟ་ཟོག་ཉེར་ལྔ་རེ་འཇོག་གནང་མཛད་པ་རེད། དེར་མ་ཟད་རིག་གསར་གྱི་སྐབས་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོ་བློ་བཟང་བསྟན་འཛིན་ལགས་ཀྱིས་དཀའ་བ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་ལྐོག་ཉར་མཛད་ནས་ཉར་ཚགས་གནང་ཐུབ་ཡོད་པའི་རྗེ་བཙུན་འཇམ་པའི་དབྱངས་མི་ཡི་གར་གྱིས་རྣམ་པར་རོལ་བ་ཁམས་གསུམ་འགྲོ་བའི་བླ་མ་རྗེ་ཙོང་ཁ་པ་ཆེན་པོའི་ཚེམས་རིན་པོ་ཆེ་ནང་བཞུགས་ཀྱི་གཙོ་བོ་བྱས་ཤིང་། བཟོ་བཀོད་ཕུན་སུམ་ཚོགས་པ། རྒྱུ་གསེར་དང་དངུལ་ལས་བྱས་པ། རྒྱན་གཡུ་དང་བྱུ་རུ། གཟི་དང་སྤོས་ཤེལ་སོགས་ཀྱིས་ལེགས་པར་སྤུད་པའི་གསེར་གདུང་ཆེན་མོ་མཐོང་བ་ཀུན་གྲོལ་བྱིན་རླབས་ཀྱི་ཟེགས་མ་འཇོ་བ་འདི་ལྟ་བུ་ཞིག་བསྐྲུན་གནང་མཛད་པ་ནི། དཀར་མེ་དང་ཡོན་ཆབ་སོགས་མཆོད་པའི་རྣམ་གྲངས་དུ་མས་བསོད་ནམས་ཀྱི་ཚོགས་བསགས་པ་དང་། ཕྱག་དང་སྐོར་བ་སོགས་སྡིག་སྒྲིབ་སྦྱོང་བའི་ཞིང་ས་བླ་ན་མེད་པར་གྱུར་ཏེ་འགྲོ་བ་ཡོངས་ཀྱི་ཤེས་རྒྱུད་ལ་སྐུ་བཞིའི་ས་བོན་གྲུང་བོ་བསྐྲུན་ནས་དལ་འབྱོར་གྱི་ཨང་ཀ་མ་འཁྲུག་པར་ཐར་བའི་ལམ་སྣ་མྱུར་ཏུ་ཟིན་པའི་བཀའ་དྲིན་གྱི་ཁུར་གྱིས་ས་ཆེན་པོས་ཡོངས་སུ་ལྕི་བར་མཛད་དོ།།


གཞན་ཡང་རྒྱལ་བ་ཤཱཀྱ་སེངྒེ་དེ་ཉིད་ཀྱི་བསྟན་པའི་ཉན་ཐོས་དང་། བསྟན་པ་ལ་དད་པའི་སྐྱེ་འགྲོ་སྒྲོན་མེའི་བསྐལ་བ་འདི་ལ་བདུད་རྩིའི་གོ་འཕང་ཐོབ་མ་ནུས་པ་རྣམས་ཀྱང་། མ་འོངས་པ་ན་རྣམ་འདྲེན་ལྔ་བ་རྒྱལ་བ་བྱམས་པ་མགོན་པོའི་འདུས་པ་དང་པོའི་འཁོར་དུ་སྐྱེ་བའི་རྟེན་འབྲེལ་དུ། སངས་རྒྱས་དེ་ཉིད་ཀྱི་སྐུ་བརྙན་བཞེངས་པ་དང་འཁོར་དུ་སྐྱེ་བའི་སྨོན་ལམ་འདེབས་པ་སོགས་སྒོ་དུ་མ་ནས་དགེ་རྩའི་སྟོབས་བསྐྱེད་པའི་ཕྱག་བཞེས་སྔོན་མ་ནས་བོད་ཡུལ་གངས་ཅན་གྱི་ལྗོངས་ན་ཡོད་པ་བཞིན། དམ་པ་འདི་དང་། ཨ་ཤུལ་བླ་མ་རིན་པོ་ཆེ། ཁྲི་པ་ཆོས་མཛད་རྣམ་པ་གསུམ་གྱིས་སྔོན་གྱི་བྱམས་སྐུ་ཆེན་མོ་དེ་རིག་གསར་གྱི་སྐབས་ཉམས་ཆག་ཆེན་པོ་བྱུང་ནས་གྱང་གོག་ཏུ་བཏང་ཟིན་ནའང་། སླར་ཡང་བྱམས་སྐུ་ཐོག་བརྩེགས་ལྔ་བ་ཅན་གྱི་རྟེན་དང་བརྟེན་པར་བཅས་པའི་དཔལ་འབྱོར་གྱི་འགྲོ་གྲོན་དང་། ནང་གི་བཟོ་དབྱིབས། ཕྱིའི་བཀོད་པ་མཐའ་དག་ཕུན་སུམ་ཚོགས་པའི་ངང་ནས་ལེགས་འགྲུབ་མཛད་དེ་སྐྱེ་བོ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་གསེར་རིའི་ལྷུན་པོ་ལ་ཉི་འོད་འབུམ་གྱིས་འཁྱུད་པ་དང་གཉིས་སུ་མ་མཆིས་པར་བཞུགས་ཡོད་ལ། ཡང་༡༩༩༡ ལོར་དགོན་པ་རང་གི་སྔར་ཡོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་མི་ནུབ་རྒྱུན་སྐྱོང་ཐུབ་པ་དང་། ཉམ་ཆུང་ནད་པ་རྣམས་ཀྱི་དགོས་མཁོ་མཆོག་ཏུ་གཟིགས་ནས། ཁོང་རང་ཉིད་ཀྱིས་མ་དངུལ་ཀྲུང་སྒོར་ཁྲི་ལྔའི་འགྲོ་གྲོན་བཏང་ནས་སྨན་པ་རྒན་པ་རྣམས་ཀྱིས་སློབ་ཁྲིད་དང་། གཞོན་པ་རྣམས་ཀྱིས་སློབ་སྦྱོང་སོགས་དགོས་པའི་བཀའ་ནན་དང་བཅས་སྨན་ཁང་བཙུགས་ནས་ནད་པ་ཉམ་ཐག་མང་པོའི་འཚོ་གནས་ལ་བདེ་སྐྱིད་ཀྱི་དཔལ་གྱིས་ཕྱུག་པར་མཛད་དོ།།



ད་དུང་བླ་མ་རིན་པོ་ཆེ་འདིས་ནི་རང་དགོན་དང་སྡེ་བ་འདི་གཅིག་པུར་མ་ཟད་ཕྱོགས་ཡན་མན་གྱི་དགོན་ཁག་མང་བོར་ཆོས་དང་འཇིག་རྟེན་གང་ཐད་ནས་གཟིགས་སྐྱོང་གནང་བ་ནི། དབོན་པོ་དགོན་ལྟ་བུར་དགོན་པའི་སྒྲིག་ལམ་གྱི་ཐོག་བཅའ་ཡིག་བཀའ་སྩལ་གནང་བ་དང་། བ་རོང་དགོན་པའི་འདུ་ཁང་གསར་བཞེང་གི་རྒྱུ་སྦྱོར་ཡང་སྐྲུན་པར་མཛད། མ་ཟད་ནམ་རྒྱུན་དུ་རང་སྡེ་ཕན་ཚུན་གྱི་བར་ལ་འཁོན་པ་འདུམ་པ་དང་། མཐུན་པ་མི་ཕྱེད་པར་མཛའ་བའི་ཆེད་དུ་ཐུགས་ཁུར་དང་བཀའ་སློབ་གནང་རྒྱུ། བདོག་པའི་དངོས་པོ་གྱ་ནོམ་པའི་བྱ་དགའ་སོགས་མཛད་ནས་སྡེ་བ་འདིའི་ནང་འཁོན་དང་ནང་དམེ་ཆེས་ཉུང་བའི་མིག་དཔེར་འོས་པ་ཞིག་གྱུར་ཡོད་ལ། མ་ཟད་སྔ་འགྱུར་དྲེལ་དཀར་དགོན་དུ་དགེ་འདུན་དབྱེན་འཁྲུག་བྱུང་ནས་ཚོགས་སྒོ་སོགས་ཆད་ནས་ཡོད་སྐབས་དམ་པ་འདི་ཉིད་ཀྱིས་དབྱེན་འདུམ་མཛད་དེ་དགེ་འདུན་རྣམས་ཀྱི་ཆོས་སྤྱོད་ཀྱི་བྱ་བ་སྔར་བཞིན་རྗེས་སྐྱོང་རྒྱུ་ཡོད་པར་མཛད་པ་དང་། དེ་བཞིན་བླ་ཆེན་དང་དཔོན་ཆེན་ད་དུང་རྫོང་དང་ཁུལ་གྱི་ལས་བྱེད་མང་པོས་ལོ་དུ་མའི་རིང་ལ་འཁོན་པ་མ་འདུམ་ཞིང་། སྔོན་ཡང་ཕན་ཚུན་ལ་མི་རྟ་བཅོ་བརྒྱད་ཙམ་གྱི་ཤི་རྨས་བཟོས་ཡོད་ཀྱང་ད་དུང་ཉེན་ཁ་འདི་བརྒྱུད་བཞིན་ཡོད་པའི་དཔོན་རུ་སྡེ་བ་དང་། འབུམ་གསར་གྱི་ཕྱོགས་གཉིས་ཀར་བླ་མ་འདི་དང་། ཁྲི་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་རྣམ་པ་གཉིས་ཀྱིས་མི་རིགས་ཀྱི་ལ་རྒྱ་དང་། མི་དམངས་ཀྱི་བདེ་སྡུག་ལ་ཐུགས་ཁུར་ཆེ་བཞེས་གནང་ནས། ཤོག་ཁག་དང་དགོན་ཁག་མང་པོའི་བླ་མ་དང་མི་དཔོན་དུ་མ་གཟུ་དཔང་དུ་གདན་ཞུས་མཛད་དེ་མི་སྣ་ཡོངས་ལ་ཟླ་གཅིག་ལྷག་ལ་སྣེ་ལེན་ཟབ་རྒྱས་གནང་ནས་འགྲིག་རྟེན་ལ་བྱ་དགའི་དངོས་པོ་ཚད་མེད་པ་གནང་སྦྱིན་མཛད་དེ། མཐར་ཕན་ཚུན་གྱི་བར་ལ་འབའ་བཞག་དང་ཐེལ་བཀོད་བྱས་ནས་འཇིག་རྟེན་གྱི་ཁ་དཔེར་ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཅེས་བརྗོད་པ་ལྟར་བྱུང་ཡོད་པ་རེད།



གསུམ་པ་དགོངས་པ་ཞི་ཆེན་དབྱིངས་སུ་ཐིམ་ཚུལ་བསྟན་པའི་སྐོར་ནི།  དེ་ལྟར་བཤད་མ་ཐག་པ་ལྟར་གྱོད་དོན་ཐག་བཅད་གནང་བའི་ལོ་དེའི་བོད་ཟླ་༡༠ཚེས་༡༨ལ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་བསྡུས་པའི་ཚུལ་བསྟན་ཏེ། གནས་སྐབས་དེ་ནི་དགོན་སྡེ་འདིར་སྐད་ཡིག་བདག་དབང་གི་ཐོག་ཟིང་ཆ་བྱུང་ནས་ཁུལ་དང་རྫོང་གི་ལས་སྒྲུབ་མི་སྣས་དངོས་སུ་ཐག་གཅོད་བྱེད་པའི་སྒང་ཡིན་པར་མ་ཟད། དགོན་པ་སྤྱིའི་གྲྭ་གྲངས་དང་མཚན་ཉིད་སློབ་གླིང་གི་སློབ་མ་བསྡུ་ལེན་སོགས་ལ་ཉེན་ཁ་མངོན་གསལ་དོད་པོ་བྱུང་ཡོད་ན་ཡང་། བླ་མ་རིན་པོ་ཆེ་འདས་རྐྱེན་དེའི་དབང་གིས་རང་འཇགས་སུ་བྱུང་བ་ལ་གཞིགས་ན་བསྟན་པའི་བར་ཆད་ཆེན་པོ་བསམ་བཞིན་དུ་ཁུར་བསྣམས་པ་ཡིན་པར་ངེས་སོ།། མ་ཟད་འདས་རྐྱེན་གློ་བུར་བ་འདི་ལ་བརྟེན་ནས་སེར་སྐྱ་ཕོ་མོ་མཐའ་དག་གིས་དམ་པ་གང་གི་ཐུགས་ཀྱི་དགོངས་པ་ཟབ་མོ་ཡོངས་སུ་རྫོགས་པ་དང་། ཡང་སྲིད་མྱུར་དུ་འབྱོན་པར་ཆེད་དམིགས་ཀྱིས་དགེ་འདུན་རྣམས་ཀྱིས་རྒྱལ་འཇོག་གི་རྩེད་མོ་སོགས་གཏན་གཅོད་དང་། ཤ་གཏན་གཅོད་བྱེད་མཁན་དང་ལོ་ཁ་ཤས་ལ་མི་བཞེས་རྒྱུ། དུས་ཆེན་ཁག་ལ་མི་བཞེས་རྒྱུ། ཉིན་རེས་མོས་ལ་མི་བཞེས་རྒྱུ་སོགས་དགེ་བསྐུལ་ཚད་མེད་པ་དང་། དེ་བཞིན་མི་སྐྱ་རྣམས་ཀྱིས་ཀྱང་སྔོན་བླ་མ་རིན་པོ་ཆེ་ཞལ་བཞུགས་སྐབས་སུ་ཁོང་ཉིད་ཀྱིས་དངོས་སུ་བཀས་བསྐུལ་ནས་རྒྱན་འཇོག་གི་རྩེད་མོའི་རིགས་ཁས་ལེན་བྱེད་དུ་བཅུག་ཡོད་མོད། དེ་སྐབས་ཀྱང་དེའི་ཐོག་ཆང་རག་དང་། ཁ་ཐ་དང་སྣ་ཐ། ལུས་ལ་མཚོན་ཆ་འདོག་པ། བཤས་ཉོ་བཤས་ཚོང་མི་བྱེད་རྒྱུ་སོགས་སྤང་བྱ་སྤོང་རྒྱུ་དང་། ཕྱག་སྐོར་མཆོད་མཇལ། ཁ་འདོན་དགེ་སྦྱོར་སོགས་ཉམས་སུ་བླང་བྱའི་རིགས་ཁས་ལེན་བྱེད་རྒྱུ་སོགས་མདོར་ན་འདི་ཕྱི་ཀུན་ཏུ་དགེ་བའི་ལམ་བཟང་མངོན་དུ་གྱུར་བ་ཞིག་བྱུང་ལ། དེ་ཡང་དགོན་སྡེ་འདི་གཅིག་པུར་མ་ཟད་ཕྱོགས་ཡན་མན་གྱི་སེར་སྐྱ་བགྲངས་ཀྱིས་མི་ལངས་བར་ཡང་དེ་ལྟར་དུ་དགེ་བསྐུལ་བྱུང་ཡོད། དེ་བས་ན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་བསམ་བཞིན་བྱོན་པ་དག་ནི་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡང་བསྟན་པ་དང་སེམས་ཅན་ལ་སྨན་པའི་མཛད་པ་ཁོ་ན་ལས་མི་འདའ་བར་འཁུམས་སོ།།



དེ་ལྟར་དགོན་པའི་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་དང་། དགེ་འདུན་གྱི་སྒྲིག་ལམ་ཀུན་སྤྱོད་དང་བཤད་སྒྲུབ་ཀྱི་འཆད་ཉན་སོགས་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གྱི་ཆེད་རྩ་བའི་གྲྭ་ཚང་རྣམ་པ་གཉིས་ཀྱི་ཐོག ཁོང་དང་ཁོང་གི་སྲས་དཔོན་ཚང་མཆོག་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་དགོངས་པ་གཅིག་མཐུན་གྱིས་མཚན་ཉིད་མཐོ་རིམ་ནང་བསྟན་སློབ་གླིང་དང་། གསོ་རིག་འགྲོ་ཕན་གྲྭ་ཚང་གཉིས་གསར་འཛུགས་གནང་བ་བཅས་ལ་བརྟེན། དེང་གི་ཆར་ནི། ཐིག་རྡུལ་མཚོན། ཆོ་ག་ཕྱག་ལེན། གར་ཐིག་དབྱངས་རོལ་སོགས་རྒྱུད་སྡེ་དང་འབྲེལ་བའི་ཕྱག་ལེན་རྣམས་དང་། མདོ་དང་སྔགས་ཀྱིས་བསྡུས་པའི་གསུང་རབ་རབ་འབྱམས་རྒྱ་མཚོ་ལ་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་སོགས་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྩེར་སོན་པས། མདོ་དབུས་ཁམས་གསུམ་གྱི་སློབ་གཉེར་བ་མང་བོ་པད་མའི་མཚོ་ལ་ངང་མོ་འདུ་འགོད་དང་། ནམ་མཁའི་ངོས་ལ་སྤྲིན་གྱི་འདུ་ལོང་བྱེད་པ་དང་མཚུངས་པ་ཞིག་བྱུང་ཡོད་པ་ནི། ཇི་སྐད་དུ། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་གཏེར་ལུང་ལས། དུས་གཡུ་འབྲུག་སྔོན་མོས་བདག་བྱས་ནས། ། དཔལ་གསེར་མདོག་ཅན་གྱི་རྫིང་བུ་འཁྱིལ། །བྱ་ངང་སེར་གྱི་འདུ་རས་ས་གཞི་ཁྱབ། །ཆོས་ཟག་མེད་ཀྱི་སྦྲང་ཆར་སིལ་མ་འབེབ། །ཅེས་ལུང་བསྟན་པ་དུས་སུ་སྨིན་པ་དང་འདྲ་བར་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་མི་ནུབ་པའི་རྒྱན་དུ་ཆེ་བའི་ཕྱག་བཞེས་ཟབ་མོ་དང་། གཞན་ཡང་བླ་མ་འདིས་དབུ་འཛིན་གནང་ནས་ད་ལྟའི་བར་ལྷ་ཁང་དང་། འདུ་ཁང་དགོན་པའི་སྣེ་ལེན་གཟབ་རྒྱས་ཁང་སོགས་འཛུགས་བསྐྲུན་རྒྱ་ཆེན་པོ་དང་། ཚོང་གཉེར་དང་སྤྱི་གཉེར་ཁག་གི་ལོ་ལྟར་གྱི་ཡོང་འབབ་སྔར་ལས་འཐུས་ཚང་དུ་སོང་ནས་དགོན་པའི་འགྲོ་སོང་དང་། དགེ་འདུན་གྱི་འཚོ་བ་སོགས་ཕྱོགས་ཡོངས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་མིག་མཐོང་ལག་ཟིན་དུ་ཡོད་པ་དེ་ལྟ་བུ་དག་ནི་མཚོན་པ་ཞིག་སྟེ། ཇི་ལྟ་བ་བཞིན་དུ་ཆེན་པོའི་བློས་ཀྱང་རྟོགས་དཀའ་བ་ཞིག་ལགས་ན་བློ་ཆུང་བདག་ལྟ་བུའི་ནི། དེ་བས་ཀྱང་བརྗོད་པར་ག་ལ་ནུས་ཏེ། ལྕང་སྐྱ་རོལ་བའི་རྡོ་རྗེས། བདག་གིས་ལྕེ་བརྒྱ་སྤྲུལ་ནས་སྲིད་མཐའི་བར། །བརྗོད་ཀྱང་ཁྱོད་བསྔགས་ཇི་བཞིན་ག་ལ་སྤོབས། །ཞེས་གསུངས་བ་ལྟར་ལགས་སོ།། 


ངོ་སྲུང་སྙན་པའི་ཚིག་གིས་མ་བསླུས་ཤིང་། །

མགུ་བ་ལྷུར་ལེན་གཅམ་བུའི་ཟོལ་སྤངས་ཏེ། །

མི་ཕྱེད་དད་པ་རྒྱ་མཚོའི་ཕངས་པ་ལས། །

ཉེར་འཁྲུངས་རྣམ་ཐར་པདྨོ་འཛུམ་པར་བྱས། །


དགེ་དེས་སྐྱེ་བར་བདག་དང་ལུས་ཅན་ཀུན། །

བཤེས་གཉེན་དམ་པ་དེ་ཡིས་རྗེས་བཟུང་ནས། །

 རིང་མིན་སྡུག་བསྔལ་འཁོར་མཚོ་ལས་བསྒྲལ་ཏེ། །

     རིགས་ལྔ་བདེ་གཤེགས་ངོ་བོར་འཚང་རྒྱ་ཤོག ། དགེའོ།།


སྨན་ཤུལ་རིན་པོ་ཆེའི་ལོ་རྒྱུས་འདི་ནི་སེར་ཤུལ་དགོན་མཚན་ཉིད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་དང་པེ་ཅན་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་རབ་འབྱམས་པ་རྒན་ངག་དབང་ཚུལ་ཁྲིམས་ལགས་དང་། སེར་བྱེས་དགེ་བཤེས་ཐོས་བསམ་གཉིས་ཀྱིས་ཆེད་བསྒྲིགས་བྱས་པའོ། །


རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།

སེར་ཤུལ་བསུང་ཞུན།






སྒྲ་ལམ་སློབ་ཚན་ཕབ་ལེན།