སྐྱབས་རྗེ་ཁྲི་པ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཉིས་སྟོང་བཅུ་བདུན་ལོའི་ལོ་སར་འཚམས་འདྲི།

དུས་ཚོད།2017-02-26 12:36ཡོང་ཁུངས།རྩོམ་པ་པོ།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846

༄༅།།  རབ་གནས་མེ་བྱ་ལོའི་ལོ་སར་གྱི་སྐབས་དང་བསྟུན་ནས་ངའི་ཕ་ཡུལ་གྱི་དགོན་སྡེ་ཟུང་དང་། རྒྱལ་ཕྱི་ནང་གང་སར་ན་བཞུགས་ཡོད་པའི་ཕ་ཡུལ་གཅིག་པ་དང་།  རིགས་མཐུན་གྱི་སྤུན་ཟླ་རྣམ་པ་ལ་ལོ་སར་གྱི་འཚམས་འདྲི་ཞུ་བ་དང་ཆབས་ཅིག འོ་ཅག་རྣམས་ནི་རིང་མོ་ཞིག་ནས་ལས་སྨོན་གྱི་འབྲེལ་བའི་དམ་དུ་བཅིངས་ཤིང་། བླ་མ་གོང་མ་རྣམས་ཀྱིས་བརྩེ་བའི་རྗེས་སུ་བཟུང་བའི་དམ་ཚིག་འོ་ཆུ་གཅིག་འདྲེས་ཡིན། དེས་ན་ང་ཚོའི་ངོས་ནས་ཀྱང་དམ་པ་གོང་མ་རྣམས་ཀྱི་ཐུགས་དགོངས་ཇི་བཞིན་དུ། ལོ་གསར་བའི་ནང་དུ་སྤང་བླང་གི་འཇུག་ལྡོག་མ་ནོར་པ་གནང་ཐོག  རྒྱུན་ཏུ་རིག་གནས་ལ་སྦྱང་བརྩོན་དང་། ཕན་ཚུན་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ནད་རིགས་སྔོན་འགོག་དང་།  དུས་ཐོག་སྨན་སྟོན་བྱེད་པ། སྐད་འཕྲིན་སོགས་དྲྭ་ལམ་འདྲ་མིན་གྱི་རྗེས་སུ་རྒྱུག་ནས་རང་ཉིད་ཀྱི་མི་གཞི་མི་བརླག་པ་བྱེད་པ་སོགས་ལ་ལྷོད་ཡངས་དང་སྣང་མེད་མི་བྱེད་པར་ཚང་མས་འབད་བརྩོན་གནང་རྒྱུ་ནི་འདི་ཕྱི་གཉིས་ཕན་ཡིན་པས་དེ་དོན་མ་བརྗེད་རོགས་ཞེས་སྙིང་ནས་རེ་བ་ཞུ་རྒྱུ་ཡིན། མ་ཟད་ལོ་སར་ཚེས་གཅིག་ལ་ངས་འདི་ནས་དགོན་སྡེ་ཟུང་དང་དད་ལྡན་སྦྱིན་བདག་ཁག་གི་ཚབས་ཞུས་ནས། བླ་མ་དཀོན་མཆོག་གསུམ་ལ་གསོལ་འདེབས་དང་། ཆོས་སྐྱོང་ལ་འཕྲིན་བཅོལ་བྱེད་པ་སོགས་གསོལ་འདེབས་དང་སྨོན་ལམ་བྱེད་ངེས་ཡིན་ན། རྣམ་པ་ཚང་མས་ལོ་སར་གྱི་ཉིན་འདིར་དམིགས་བསལ་གི་མཆོད་མཇལ་དང་གསོལ་འདེབས་སྨོན་ལམ་གྱིས་མཚོན་རྣམ་དཀར་དགེ་སྒྲུབ་ལ་བརྩོན་པ། ཁ་ཟས་དཀར་སྐྱོང་བྱེད་པ།  དགོས་མེད་ཀྱི་ཤོག་སྦག་མི་རྒྱག་པ། འཕྲོད་བསྟེན་ལ་གནོད་པའི་ཟས་རིགས་སྤང་བ་སོགས་དོན་ལྡན་གྱི་བྱ་བ་ལ་འཇུག་རོགས་ཞུ་རྒྱུ་ཡིན། མཐར་གནམ་ལོ་གསར་བའི་ནང་། བསྟན་པ་རིན་པོ་ཆེ་སྔར་ལས་དར་ཞིང་རྒྱས་པ་དང་། རང་ཅག་རྣམས་སྐྱེ་བའི་ཕྲེང་བ་ཀུན་ཏུ་མགོན་པོ་སྤྱན་རིས་གཟིགས་ཀྱིས་འབྲལ་བ་མེད་པར་མཉེས་བཞིན་དུ་རྗེས་སུ་བཟུང་སྟེ་འགྲོ་བ་ཡོངས་རྫོགས་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་རོལ་ཐུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན། རང་ཅག་སེར་ཤུལ་དགོན་སྡེ་ཟུང་དང་འབྲེལ་ཡོད་ཡོངས་ལ་ལོ་གསར་བའི་ནང་དུ་འདི་ཕྱི་ཀུན་ཏུ་དགེ་བའི་སྨོན་ལམ་དང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ།

 

འཇིག་རྟེན་ཀུན་ཏུ་དམག་འཁྲུག་མུ་གེ་དང་། །

  གདུག་རྩུབ་བསམ་སྦྱོར་མིང་ཡང་མི་གྲགས་ཤིང་། །

    ཡིད་ཅན་བྱམས་ལྡན་སྣོད་བཅུད་དགེ་མཚན་འཕེལ། །

བདེ་དགའ་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །


   རྙེད་དཀའི་རྟེན་བཟང་ལོ་བརྒྱར་འཚོ་བ་དང་། །

ཉེས་སྤྱོད་སྡིག་པའི་སྣོད་དུ་མི་འགྱུར་བར། །

རྣམ་དཀར་ལེགས་བྱས་ཁོ་ནར་བཀོལ་བ་ཡིས། །

 རང་གཞན་དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག །

 


སྒྲ་ལམ་སློབ་ཚན་ཕབ་ལེན།