གྲྭ་ཚང་མཁན་རིན་པོ་ཆེའི་ཁྲི་འདོན་མཛད་སྒོ།

དུས་ཚོད།2016-11-09 20:14ཡོང་ཁུངས།རྩོམ་པ་པོ། ངག་དབང་ཚུལ་ཁྲིམས།རྩོམ་སྒྲིག་པ། GENBENJIAབཀླགས་གྲངས།846


མདོ་ཁམས་ཟལ་མོ་སྒང་གི་སའི་ཆ་ན༎ 

        མདོ་སྔགས་ལེགས་བཤད་འཆད་དང་རྩོད་པའི་སྒྲས༎ 
 ས་ཆེན་འགང་བཟོད་འདུས་པའི་སྡེ་འདི་ལ༎

གདན་ས་ཆེན་པོ་སེར་ཤུལ་དགོན་དུ་གྲགས༎



 དེ་ཡང་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ཞེས་མཚན་སྙན་དབྱར་གྱི་རྔ་གསང་ཕྱོགས་ཀྱི་ཐ་གྲུར་ཁྱབ་པའི་གདན་ས་ཆེན་པོ་འདིར།  མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ་གྱི་བགྱི་བ་ལྷུར་ལེན་པའི་གྲྭ་ཚང་རྣམ་པ་བཞིར་མཆིས་པ་ལས།  མདོ་སྔགས་ཀྱི་གྲྭ་ཚང་ཟུང་གི་ཡ་གྱར་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་ལ།  རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་ནས་ཉེ་བར་བཟུང་མཁན་ཐོག་གསེར་རིའི་ཕྲེང་བ་རིམ་པར་བྱོན་པ་ལས།  ད་ལམ་སྐབས་སུ་བབ་པ་མདོ་སྔགས་གཞུང་ལུགས་རབ་འབྱམས་རྒྱ་མཚོའི་ཕ་མཐའ་ཐོས་བསམ་སྒོམ་པའི་རྐྱལ་གྱིས་ཆོད་པས་མཁས་པའི་ས་མཐོར་གཤེགས་པ།   སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་རྐང་འཛིན་སློབ་དཔོན་ཆེན་མོ་སེར་ཤུལ་ལྷ་རམས་པ་དགེ་རྒན་བཀྲ་ཤིས་བསོད་ནམས་མཆོག་ནི། 



སྤྱི་ལོ་1971 ལོར་མདོ་ཁམས་རྫ་ཆུ་ཁ་རུ་སྐུ་འཁྲུངས།  དགུང་ལོ་བཅོ་ལྔའི་ཐོག་སྙིགས་དུས་ཀྱི་འདུལ་བ་འཛིན་པ་རྗེ་བཙུན་ཐུབ་བསྟན་དབང་བོའི་ཞབས་སྔ་ནས་རབ་ཏུ་བྱུང་སྟེ།  དེའི་ཕྱིས་ལོར་སེར་ཤུལ་དགོན་དུ་ཆོས་ཞུགས་མཛད།   དེ་ནས་བཟུང་ད་ལྟའི་བར་མི་ལོ་བཅོ་ལྔའི་རིང་ལ་མདོ་སྔགས་གཞུང་བརྒྱ་སྨྲ་བའི་མཁས་དབང་རྗེ་བཙུན་བློ་བཟང་བསྟན་འཛིན་སོགས་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་དད་གུས་སྦྱོར་གསུམ་གྱིས་སྤྱི་བོའི་གཙུག་ཏུ་བླངས་ཏེ།  མདོ་སྔགས་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གྱི་བྱ་བས་ཉིན་མཚན་ཁོར་ཡུག་གཅིག་ཏུ་སྦྲེལ།  སྤྱི་ལོ་2000ལོར་སྐྱབས་རྗེ་ཁྲི་བ་རིན་པོ་ཆེའི་བཀའ་དགོངས་བཞིན་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་གི་རྐང་འཛིན་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས་ཏེ།  དབྱར་གསུམ་ཚ་བ་དང་དགུན་གསུམ་ལྷགས་རླུང་གི་ཁྲོད་ནས་བྱ་དཀའི་སྤྱོད་པ་འབུམ་ཕྲག་གིས་སློབ་གཉེར་བ་སྟོང་ཕྲག་མང་བོ་བསྐྱེད་བསྲིངས་བྱས།2005ལོར་པེ་ཅིན་ནང་བསྟན་སློབ་གླིང་དུ་ཕྱག་ཕེབས་གནང་།  2006 ལོར་གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ་ཕྱོགས་སོ་སོ་ནས་ཕེབས་པའི་མཁས་མང་གསེར་རིའི་ཕྲེང་བའི་དབུས་ནས་རྒྱུགས་འབུལ་དམ་འཇོག་གི་འབྲས་རྟགས་སུ་མཐོ་རིམ་རབ་འབྱམས་པའི་ཕྱག་ཁྱེར་བཞེས།དེ་ནས་བཟུང་ལོ་བསྟུད་མར་བསམ་བཟང་རེ་འབོད་ཚོགས་པའི་ཚོགས་གཙོ་དང་།མདོ་ཁམས་འཇང་དགུན་ཆོས་ཚོགས་པའི་ཚོགས་གཙོ་དང་།གངས་ལྗོངས་མཁས་པའི་ལྷན་ཚོགས་སྐབས་གསུམ་པའི་རྒྱུན་ལས་པ།ཟབ་དོན་དབུ་མའི་བགྲོ་གླེང་སྐབས་དང་པོའི་གཙོ་སྐྱོང་བ་གནང་བ་སོགས་བསྟན་པ་དང་འགྲོ་བ་གཉིས་ཆར་སྨན་པའི་ཕྱག་ལས་འབའ་ཞིག་ལ་གཞོལ།2014ལོར་སེར་ཤུལ་གཙུག་ལག་ཁང་ཆེན་མོའི་རབ་གནས་མཛད་སྒོའི་ཐོག་མཐའ་དབུས་ཀུན་ནས་ཕེབས་པའི་མཁས་མང་འདུས་པའི་དབུས་སུ་གྲྭ་སྐོར་དམ་བཅའ་བཞག་ནས།  ལོ་རྒྱུས་རང་བཞིན་ལྡན་པའི་སེར་དགོན་ལྷ་རམས་དམ་འཇོག་སྐབས་གཉིས་པའི་ཐོག་གི་ལྷ་རམས་ཨང་དང་པོའི་ཆོ་ལོ་བཞེས།   རྒྱུན་དུ་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཞུང་ཆེན་བཀའ་པོད་ལྔ་ལས་བརྩམས་ཏེ་སློབ་ཁྲིད་རྒྱུན་ཆགས་སུ་གནང་བར་མ་ཟད།   སྐབས་ལན་རེར་ཉིན་གཅིག་གི་ནང་སློབ་ཐུན་མི་འདྲ་བ་ཁག་བཅོ་བརྒྱད་ཙམ་ལ་རེས་མོས་ཀྱིས་བཀའ་ཁྲིད་གནང་བའི་སྐུ་དྲིན་གསེར་གྱི་རི་བོ་སྟོང་གསུམ་འཛིན་མའི་བླ་ན་འཕགས་ཤིང་ད་ལམ་  ༧  ལྷ་རམས་པ་དགེན་བཀྲ་ཤིས་བསོད་ནམས་ལགས་བོད་རབ་བྱུང་ ༡༧  མེ་སྤྲེལ་ཟླ  ༩  ཚེས་  ༡༠  གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་དགེ་བར།  བསླབ་པ་གསུམ་གྱི་སྒྲུབ་པའི་ཉམས་ལེན་ལ་གཅིག་ཏུ་གཞོལ་ཞིང་སྡེ་སྣོད་གསུམ་གྱི་བཤད་པའི་འཆད་ཉན་ལ་གཅིག་ཏུ་འགྲུས་པའི་དམར་སེར་འདུས་པ་རྒྱ་མཚོའི་དབུས་སུ། མི་འཇིགས་གདོང་ལྔས་བཏགས་པའི་ཁྲི་འཕང་མཐོན་པོར་ལུང་རྟོགས་ཆོས་ཚུལ་རྩིབས་མ་བརྒྱ་བའི་ཆོས་ཀྱི་འཁོར་ལོའི་སྒྱུར་དམ་པ་སྐུ་གཞོགས་མཁན་རིན་པོ་ཆེར་མངའ་གསོལ་པའི་སྐལ་བཟང་མངོན་དུ་གྱུར་པ་ནི་འདི་ལྟར་ལགས་ཏེ།  བཅོམ་ལྡན་འདིར་ནི་བྱོན་པ་ལགས་ཞེས་གསུངས་པ་དང་མཉམ་དུ་འདུ་ཁང་གི་སྒོ་ཕྱེ་ནས་ནང་དུ་ཕེབས།གདོང་གྲལ་གྱི་དཀྱིལ་སྨད་ནས་ཐུགས་དམིགས་དང་བཅས་མེ་ཏོག་ལན་གསུམ་འཐོར། 




གདོང་གྲལ་དཀྱིལ་སྨད་ནས་ཁྲི་ཕྱག་གསུམ་བཙལ།  ཚོགས་མང་གིས་མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག་ཅེས་གསུངས་པ་དང་ཁྲིར་འཁོད། 



 དེ་ནས་གསོལ་ཇའི་སྐབས་སུ།  ཚོགས་ཆེན།  ཐོས་བསམ་གླིང་གྲྭ་ཚང་།  དཔལ་ལྡན་རྒྱུད་པ་གྲྭ་ཚང་།  མཐོ་རིམ་ནང་བསྟན་སློབ་གླིང་།  སྨན་པ་གྲྭ་ཚང་བཅས་གྲྭ་ཚང་སོ་སོའི་བླ་ལས་ཁག་གིས་མཎྜལ་དང་སྐུ་གསུང་ཐུགས་ཀྱི་རྟེན་དོད་བཅས་ཕུལ། དེ་ནས་ཁང་ཚན་དྲུག  ཡན་མན་ནས་ཕེབས་པའི་དགོན་པ་ཁག  རང་དགོན་གྱི་འཛིན་གྲྭ་སོ་སོའི་འདུས་མང་བཅས་ཀྱིས་མཎྜལ་རྟེན་དོད་དང་མཇལ་ཁ་ལེགས་པར་ཞུས། 



དེ་ནས་སྐྱེ་རྒུ་འགྲོ་བ་ཡོངས་ཀྱི་ཕན་བདེའི་རྩ་ལག་དམ་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་ཉིད་དང་པོར་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་དང་།   དེ་ནས་གངས་ཅན་གྱི་ལྗོངས་སུ་ཇི་ལྟར་དར་བའི་ཚུལ་དང་ཆོས་སྡེ་འདིའི་བྱུང་བ་རགས་རིམ་དང་འབྲེལ་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཆོས་བཀའ་བསྩལ། 




དེ་ནས་མཁན་པོ་སྔོན་མས་གྲྭ་ཚང་རིན་པོ་ཆེ་ལ་ཆོས་དང་འཇིག་རྟེན་གཉིས་ཀའི་བཀའ་དྲིན་གྱིས་ཟླ་མེད་པར་བསྐྱངས་པར་ལེགས་གསོལ་སྐྱབས་འཇུག་དང་།  ཐུགས་མཐུན་ཁྲིམས་གཙང་ཆོས་བཤད་སྒྲུབ་ཀྱི་འཆད་ཉན་གསུམ་གྱི་སྟེང་ནས་ཚོགས་གཏམ་ཞིབ་རྒྱས་མཛད།དེ་ནས་འཇུག་ཏུ་མཐུན་འགྱུར་མཛད་ནས་ལེགས་པར་གྲུབ་བོ༎



ལེགས་བཤད་རི་མོ་བཀྲ་བའི་ལུང་གི་གོས༎

རྣམ་དཔྱོད་གསེར་གྱི་ཡུ་བ་ལ་བརྟེན་ནས༎
བསླབ་གསུམ་ནོར་བུའི་ཏོག་གིས་རབ་མཚན་པའི༎
བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས་པར་ཤོག།

པར་ལེན་པ།  ཕོལ་བ།

རྩོམ་སྒྲིག་པ།  སྐུ་འབུམ་སྐྱབས།


སྒྲ་ལམ་སློབ་ཚན་ཕབ་ལེན།